西藏青年报藏文版ཕྱོགས་བསྡུས། 2026ལོའི་“ལང་ཚོ་གཏོད་པ”ཅེས་པའི་ལྷ་སའི་གཞོན་ནུའི་ལས་གཏོད་གསར་གཏོད་ཀྱི་འགྲན་བསྡུར་ཆེ་མོ་དངོས་སུ་སྤེལ་འགོ་ཚུགས་པ། བོད་ལྗོངས་ཁྲིམས་ཁང་གིས་ཤེས་བྱའི་བདག་དབང་གི་གྱོད་གཞི་དང་ལེན་བྱེད་ཚད་ལོ་ལྔའི་ནང་ལྡབ་11ཙམ་འཕར་བ། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ཉིན་མོར་བདེ་འཇགས་ལས་དོན་སྤེལ་བ།

放大 缩小 默认

2026ལོའི་“ལང་ཚོ་གཏོད་པ”ཅེས་པའི་ལྷ་སའི་གཞོན་ནུའི་ལས་གཏོད་གསར་གཏོད་ཀྱི་འགྲན་བསྡུར་ཆེ་མོ་དངོས་སུ་སྤེལ་འགོ་ཚུགས་པ།

ལྔ་བཞི་གཞོན་ནུའི་དུས་ཆེན་གྱི་ཉིན་དེར་2026ལོའི་“ལང་ཚོ་གཏོད་པ”ཅེས་པའི་ལྷ་སའི་་གཞོན་ནུའི་ལས་གཏོད་གསར་གཏོད་ཀྱི་འགྲན་བསྡུར་ཆེ་མོའི་འགོ་ཚུགས་མཛད་སྒོ་དང་2026ལོའི་ལྷ་སའི་མངོན་མིན་རིག་གནས་ཤུལ་བཞག་གི་གླུ་གར་འགྲེམས་སྟོན་བྱེད་སྒོ་རྫོང་རྒྱབ་ཀླུ་ཁང་དུ་གཉེར་བ་རེད། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ལྷན་གྱི་ཧྲུའུ་ཅི་ལའི་ཡུའུ་ཅུན་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ཧའི་ཉན་བྱེད་སྒོར་ཞུགས་པ་རེད། བྱེད་སྒོ་སྤེལ་ཡུལ་དུ་སྡེ་ཚོགས་ལྷ་ས་གྲོང་ཨུད་དང་ལྷ་ས་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་མཉམ་འབྲེལ་གྱིས་“གནས་མཆོག་མངོན་མིན་རིག་གནས་ཤུལ་བཞག་·ལང་ཚོས་ཁྲོམ་ར་མཉམ་དུ་གཏོད་པ་”ཅེས་པའི་ལྔ་བཞིའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ནས། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་ལ་བརྟེན་ནས་རིག་གནས་ཀྱི་རྨང་གཞི་བརྟན་པོ་བཏིང་སྟེ་ལས་གཏོད་གསར་གཏོད་ལ་བརྟེན་ནས་ལང་ཚོའི་སྟོབས་ཤུགས་འཕེལ་བར་བྱས་པ་རེད།

མཛད་སྒོ་དེ་ངོ་མཚར་ཆེ་བའི་མངོན་མིན་རིག་གནས་ཤུལ་བཞག་གི་གླུ་གར་འཁྲབ་སྟོན་ཁྲོད་འགོ་ཚུགས་པ་སྟེ། སྙེ་མོ་ཐ་རོང་གི་ཟློས་གར་དང་། ལྷ་སའི་ནང་མ་《བཀྲ་ལ་ཤིས་པ》 ཀོ་གྲུའི་ཞབས་བྲོ། ཀླུང་རིན་གླིང་གྲོལ། ལྷ་སའི་ནང་མ་སྟོད་གཞས་སོགས་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ལེ་ཚན་ཁག་གཅིག་རེས་མོས་ཀྱིས་འཁྲབ་སྟོན་བྱས་ཏེ། གཞས་གདངས་མཐོ་ཞིང་བརྗིད་ཉམས་ལྡན་པ་དང་ཞབས་བྲོའི་འཁྲབ་སྟངས་ཡག་པ་སོགས་ལས་ལྷ་སའི་མངོན་མིན་རིག་གནས་ཤུལ་བཞག་གི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་དང་དུས་རབས་གསར་པའི་གཞོན་ནུ་ཚོའི་དཔའ་ཉམས་ཆེན་པོ་མངོན་པར་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་གཞོན་ནུའི་ལས་གཏོད་གསར་གཏོད་དེ་སྤྱི་ཚོགས་འཕེལ་རྒྱས་ཀྱི་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས། གཞོན་ནུའི་འཕེལ་རྒྱས་རྣམ་པའི་གྲོང་ཁྱེར་འཛུགས་སྐྲུན་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་《ལྷ་ས་གྲོང་ཁྱེར་གྱིས་གཞོན་ནུའི་འཕེལ་རྒྱས་རྣམ་པའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་གཞོན་ནུར་ཕན་པའི་བྱེད་ཐབས་དོན་ཚན་13》བཏོན་པ་དང་གཙོ་གནད་ལས་གྲྭ་ཆེན་པོ་དྲུག་དོན་འཁྱོལ་བྱས་ཏེ། རྒྱུན་མཐུད་ངང་གཞོན་ནུའི་ལས་གཏོད་གསར་གཏོད་ལ་གར་སྟེགས་བསྐྲུན་ཏེ་ཞབས་ཞུ་ཡག་པོས་འགན་ལེན་ཤུགས་ཆེན་བཅས་བྱས་ཡོད། 2015ལོར་ལྷ་ས་གྲོང་ཁྱེར་གྱི་གཞོན་ནུའི་ལས་གཏོད་གསར་གཏོད་འགྲན་བསྡུར་ཆེ་མོ་སྐབས་དང་པོ་གཉེར་བ་ནས་བཟུང་། འགྲན་བསྡུར་ཆེན་པོར་རིམ་རྩིས་གྱིས་གཞོན་ནུ་ཁྲི་30ལྷག་ཙམ་དང་ལས་གཏོད་རྣམ་གྲངས་1000ལྷག་ཙམ་ནང་ཞུགས་སུ་བཅུག་པ་དང་། གཞོན་ནུའི་གསར་གཏོད་རྣམ་གྲངས་175ལ་བྱ་དགའི་རོགས་སྐྱོར་མ་དངུལ་སྒོར་ཁྲི་824ཐོབ་པ། རིག་གནས་གསར་གཏོད་དང་བོད་སྨན། མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་རྩལ་སོགས་གསར་གཏོད་ཀྱི་གྲུབ་འབྲས་བཏོན་ནས་གཞོན་ནུའི་ལས་ཞུགས་ལ་སྐུལ་འདེད་བཏང་བ་དང་། མང་ཚོགས་ཀྱི་འབབ་འཕར་ལ་རམ་འདེགས་བྱེད་པ། ཐོན་ལས་རིམ་སྤར་ལ་སྐུལ་འདེད་གཏོང་བ། ས་མཐོའི་རིག་གནས་རྒྱུན་འཛིན་བྱེད་པ་སོགས་ཀྱི་ཐད་ཕྱོགས་མང་པོའི་ནུས་པ་འདོན་སྤེལ་བྱས་ཡོད།

སྡེ་ཚོགས་ལྷ་ས་གྲོང་ཨུད་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། སྐབས་འདིའི་འགྲན་བསྡུར་ཆེ་མོའི་ཐད་ལྷ་སའི་གཙོ་གནད་ཐོན་ལས་ཀྱི་ཁ་ཕྱོགས་སུ་རིམ་པ་དབྱེ་ནས་རིགས་དབྱེ་གསོ་སྐྱོང་དང་། དུས་རིམ་ཧྲིལ་པོར་ཞབས་ཞུ། ཕྱོགས་མང་པོའི་ནུས་པ་འདོན་སྤེལ་བཅས་ཀྱི་འགྲན་བསྡུར་མ་ལག་བསྐྲུན་ཏེ་འགྲན་བསྡུར་ལ་བརྟེན་ནས་ཤེས་ལྡན་མི་སྣ་བསྡུ་རུབ་དང་། འགྲན་བསྡུར་ལ་བརྟེན་ནས་གསར་གཏོད་ལ་སྐུལ་འདེད། འགྲན་བསྡུར་ལ་བརྟེན་ནས་ལས་དར་བཅས་བྱས་ཏེ་གཞོན་ནུའི་ལས་གཏོད་གསར་གཏོད་གསོ་སྐྱོང་དང་། རྣམ་གྲངས་དོན་འཁྱོལ། ཐོན་ཁུངས་སྦྲེལ་མཐུད། འཚར་ལོངས་ཀྱི་རྒྱུ་ལམ་ཡོངས་སུ་མཐུད་ཐུབ་པ་བྱེད་རྒྱུ་ཡིན་པ་རེད།

དུས་མཚུངས་སུ་གཉེར་བའི“གནས་མཆོག་མངོན་མིན་རིག་གནས་ཤུལ་བཞག་·ལང་ཚོས་ཁྲོམ་ར་མཉམ་དུ་གཏོད་པ་”ཅེས་པའི་ནང་མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་གསར་གཏོད་དང་ལང་ཚོའི་གསར་གཏོད་སོགས་ཁྱད་ལྡན་འགྲེམས་ཁུལ་བཀོད་སྒྲིག་བྱས་པ་དང་། གཞོན་ནུའི་གསར་གཏོད་ཁེ་ལས་20ལྷག་ཙམ་གྱིས་མངོན་མིན་རིག་གནས་ཤུལ་བཞག་གི་ལག་ཤེས་བཟོ་རྩལ་དང་། ཁྱད་ལྡན་བཟའ་ཆས་རིགས། རིག་གནས་གསར་གཏོད་ཐོན་རྫས་སོགས་སྤུས་ལེགས་ཀྱི་དངོས་ཟོག་འགྲེམ་ཚོང་ཡང་བྱས་པ་རེད།

བསོད་བསྟན་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明