西藏青年报藏文版གལ་ཆེའི་གསར་འགྱུར། “ལོ་ལྔ་ཚན་བཅོ་ལྔ་པར་ལང་ཚོས་བྱས་རྗེས་བཞག་ནས་དུས་རབས་གསར་པའི་འགན་འཁྲི་ཕྲག་ཏུ་འཁུར” བོད་རང་སྐྱོང་ལྗོངས་ཀྱིས“དྲུག་གཅིག”ལོ་ཆུང་བྱིས་པའི་རིག་རྩལ་དགོང་ཚོགས་ཀྱི་གཙོ་སྐྱོང་བ་ཆུང་ཆུང་གདམ་གསེས་གནས་སྤར་གྱི་འགོ་ཚུགས་འགྲན་བསྡུར་གཉེར་བ།

放大 缩小 默认

བོད་རང་སྐྱོང་ལྗོངས་ཀྱིས“དྲུག་གཅིག”ལོ་ཆུང་བྱིས་པའི་རིག་རྩལ་དགོང་ཚོགས་ཀྱི་གཙོ་སྐྱོང་བ་ཆུང་ཆུང་གདམ་གསེས་གནས་སྤར་གྱི་འགོ་ཚུགས་འགྲན་བསྡུར་གཉེར་བ།

ཉེ་ཆར། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ། རང་སྐྱོང་ལྗོངས་སློབ་གསོ་ཐིང་། ལོ་ཆུང་གདོང་ལེན་རུ་ཁག་བོད་རང་སྐྱོང་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་2026ལོའི་བོད་རང་སྐྱོང་ལྗོངས་ཀྱིས“དྲུག་གཅིག”ལོ་ཆུང་བྱིས་པའི་རིག་རྩལ་དགོང་ཚོགས་ཀྱི་གཙོ་སྐྱོང་པ་ཆུང་ཆུང་གདམ་གསེས་གནས་སྤར་གྱི་བྱེད་སྒོ་ཚ་ཚ་འུར་འུར་ངང་སྤེལ་ཞིང་། ལྗོངས་ཡོངས་ཀྱི་ལོ་ཆུང་བྱིས་པ་ཚོས་ཧུར་ཐག་ངང་ཞུགས་པ་དང་ཡིད་ཆེས་ཆེན་པོས་འགྲེམས་སྟོན་བྱས་ནས་དུས་རབས་གསར་པར་བོད་ལྗོངས་ལོ་ཆུང་གི་ཉི་འོད་ཀྱི་ཉམས་འགྱུར་མངོན་པར་བྱས་ཡོད།

ད་ཐེངས་ཀྱི་གདམ་གསེས་གནས་སྤར་དེ་ལྗོངས་ཡོངས་ཀྱི་ལོ་6ནས་12བར་གྱི་ལོ་ཆུང་བྱིས་པ་ལ་ཕྱོགས་པ་དང་མི་གྲངས་300ཙམ་མིང་ཐོ་འགོད་པ་དང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར་(ས་ཁུལ)བདུན་ཚང་མར་ཁྱབ་པའི་ནང་ལྷ་ས་གཅིག་པུར་ས་ཡུལ་དངོས་སུ་མིང་ཐོ་འགོད་མཁན་240ལྷག་ཙམ་ཡོད་པ་རེད། ལྷ་སར་ས་ཡུལ་དངོས་སུ་གདམ་གསེས་གནས་སྤར་འགྲན་བསྡུར་བྱས་པ་དང་། གྲོང་ཁྱེར(ས་ཁུལ)ཁག་དྲ་ཐོག་ཟུང་འབྲེལ་གྱི་བྱ་ཐབས་ཐོག་ནས་གཟུགས་པོའི་ཁྱད་ཆོས་དང་། སྐད་ཆའི་སྒྲ་གདངས། གར་སྟེགས་ཐོག་གི་རྣམ་འགྱུར་དང་སྐབས་འཕྲལ་སྟབས་བསྟུན་གྱི་ནུས་པ་སོགས་ཕྱོགས་མང་པོའི་ཐད་ནས་བདམས་ཐོན་པ་ཆུང་ཆུང་ཚོར་ཞིབ་དཔྱད་བྱས་པ་རེད།

ལྷ་སར་གདམ་གསེས་གནས་སྤར་ས་གནས་ས་ཐོག་ཏུ་བདམས་ཐོན་པ་ཆུང་ཆུང་ཚོས་སྐར་ཆ་30ཡི་རིང་རང་ཉིད་ངོ་སྤྲོད་དང་སྐར་མ་2ཀྱི་ལད་ཟློས་གཙོ་སྐྱོང་བྱས་པ་རེད། གཙོ་གཉེར་ཕྱོགས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཕྲུ་གུ་ཚོའི་སེམས་ཁམས་བདེ་ཐང་ལ་སྣང་ཆེན་བྱས་ཏེ་གནས་སྐབས་ཛ་དྲག་དང་ནོར་འཁྲུལ་ནོར་འཛོལ་འདོན་སྤེལ་བྱེད་མཁན་གྲོགས་པོ་ཆུང་ཆུང་ཚོར་ངང་རྒྱུད་རིང་པོས་ལྕག་སྐུལ་དང་ཞི་འཇམ་གྱིས་ཁྲིད་སྟོན་བྱས་པས་ཕྲུ་གུ་ཚོ་གནོན་ཤུགས་ཆུང་དུ་ཕྱིན་ནས་དཔའ་ངར་ཆེན་པོས་རང་ཉིད་ངོམ་སྟོན་ཐུབ་པ་བྱུང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། དཔྱད་འདེམས་ཨུ་ཡོན་གྱིས་ས་གནས་ས་ཐོག་ཏུ་ཕྱོགས་བསྡུས་སྐར་མ་བརྒྱབ་པ་བརྒྱུད་མཐར་གཙོ་སྐྱོང་པ་ཆུང་ཆུང་དྲུག་གཏན་འཁེལ་བྱས་ཏེ། ཟླ་5པའི་ཚེས་30ཉིན་ལྷ་སར་གཉེར་བའི་ལྗོངས་ཡོངས་ཀྱི་ལོ་ཆུང་བྱིས་པའི་རིག་རྩལ་དགོང་ཚོགས་ཀྱི་གར་སྟེགས་ཐོག་བསྐྱོད་དེ་ལྗོངས་ཡོངས་ཀྱི་ལྟད་མོ་བ་ཚོ་དང་མཉམ་དུ་དྲུག་གཅིག་གི་སྤྲོ་སྣང་རོལ་རྒྱུ་ཡིན་པ་རེད།

བདམས་ཐོན་པ་ཆུང་ཆུང་ཡེ་ཤེས་མཚོ་མོ་ལད་ཟློས་གཙོ་སྐྱོང་བརྒྱུད་རིམ་ནང་གཏམ་བཤད་ཀྱི་ཚིག་བརྗེད་པ་སོགས་བྱུང་ནའང་དཔྱད་འདེམས་དགེ་རྒན་གྱིས་ངང་རྒྱུད་རིང་པོའི་མཛུབ་སྟོན་ཐོབ།“དེ་རིང་གར་སྟེགས་ཐོག་སླེབས་སྐབས་འཚབ་ཀྱི་འདུག ཚིག་བརྗེད་དུས་དགེ་རྒན་གྱིས་ང་ལ‘སྐྱོན་མེད། དལ་མོར་གྱིས’ཅེས་གསུང་གི་འདུག་པས་ང་རང་རིམ་བཞིན་སྐྲག་མི་བྱུང་། ང་ནི་གཙོ་སྐྱོང་མཁན་བྱེད་རྒྱུར་དམིགས་བསལ་གྱི་དགའ་པོ་ཡོད། ང་ཚོའི་བོད་ལྗོངས་ཀྱི་གྲོགས་པོ་ཆུང་ཆུང་ཚོའི་སྤྲོ་སྣང་མི་དེ་བས་མང་བ་ཞིག་ལ་བཤད་འདོད་ཡོད། འདེམས་ཐུབ་མིན་ལ་མ་ལྟོས་པར་རང་ཉིད་དམིགས་བསལ་གྱི་དཔའ་ངར་ལྡན་པ་ཞིག་ཡིན་པའི་ཚོར་སྣང་ཡོང་གི་འདུག”ཅེས་ཁོ་མོས་བཤད།

ཁྱིམ་བདག་བདེ་སྐྱིད་ཀྱིས“ད་ཐེངས་གདམ་གསེས་གནས་སྤར་དེ་ནི་དམིགས་བསལ་གྱི་དྲོ་སྐྱིད་ལྡན་པ་ཞིག་རེད་འདུག གཙོ་གཉེར་ཕྱོགས་ཀྱིས་ཕྲུ་གུའི་རྣམ་འགྱུར་ལ་བལྟ་བ་ཙམ་མ་ཟད། ཕྲུ་གུའི་སེམས་ཁམས་ལ་དེ་བས་དོ་ཁུར་བྱེད་ཀྱི་འདུག་པས། ཕྲུ་གུ་ཚོ་བྱེད་སྒོ་ཆེན་པོ་འདི་འདྲ་ཞིག་ལ་ཐེངས་དང་པོར་ཞུགས་པས་ཅུང་སྐྲག་གི་འདུག་ནའང་དཔྱད་འདེམས་དགེ་རྒན་གྱིས་ངང་རྒྱུད་རིང་པོས་ཁྲིད་སྟོན་བྱས་པས་ཕྲུ་གུ་ཚོ་དེ་བས་རང་ཉིད་ལ་ཡིད་ཆེས་ཆེ་རུ་ཕྱིན་འདུག་པས། བྱེད་སྒོ་དེ་རིགས་ཀྱིས་བྱིས་པའི་སེམས་ཁམས་ལ་སྲུང་སྐྱོང་བྱས་པ་དང་ང་ཚོ་ཁྱིམ་བདག་ཚོ་ལའང་དམིགས་བསལ་གྱི་སེམས་འགུལ་ཆེན་པོ་ཐེབས་བྱུང་ཅེས་བཤད།

གཙོ་གཉེར་ཕྱོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་རྒྱུན་མཐུད་ཀྱིས་དཔྱད་ཞིབ་དང་། གསོ་སྦྱོང་། འཁྲབ་སྦྱོང་བཅས་ཀྱི་སྒྲིག་འཛུགས་ལས་དོན་ཡག་པོ་བསྒྲུབས་ནས་ཕྲུ་གུ་ཚོར་བདེ་འཇགས་དང་། ཤ་ཚ། ཆེད་ལས་ཀྱི་འཁྲབ་སྟོན་གར་སྟེགས་སུ་དཔའ་ཉམས་ལྡན་པའི་ཐོག་ནས་“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་པའི་ལོར་བསུ་བ་ཞུས་ནས“དྲུག་གཅིག”བྱིས་པའི་དུས་ཆེན་ལ་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།

བསོད་བསྟན་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明