
འདི་ནི་སྐབས་གཉིས་པའི་བོད་རང་སྐྱོང་ལྗོངས་མཐོ་སློབ་གཞོན་ནུ་གཞས་པའི་འགྲན་བསྡུར་ཆེ་མོའི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ཡུལ་དངོས་ཡིན།
ཉེ་ཆར། “ལོ་ལྔ་ཚན་བཅོ་ལྔ་པའི་ནང་ལང་ཚོའི་བྱས་རྗེས་འཇོག་རྒྱུ་དང་དུས་རབས་གསར་པའི་འགན་འཁྲི་འཁུར་རྒྱུའི”སྐབས་གཉིས་པའི་བོད་རང་སྐྱོང་ལྗོངས་མཐོ་སློབ་གཞོན་ནུ་གཞས་པའི་འགྲན་བསྡུར་ཆེ་མོའི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་བོད་ལྗོངས་སློབ་ཆེན་རྔ་ཆེན་སློབ་ཁུལ་དུ་འཚོགས་པ།
འགྲན་བསྡུར་ཆེ་མོ་དེ་གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་དང་། རང་སྐྱོང་ལྗོངས་སློབ་གསོ་ཐིང་། ཀྲུང་གོ་ལན་ཐུང་བོད་ལྗོངས་ཡན་ལག་ཀུང་སི་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་དང་། རང་སྐྱོང་ལྗོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་དང་བོད་ལྗོངས་སློབ་ཆེན་ཚོགས་པའི་ཨུ་ལྷན་གྱིས་གཉེར་འགན་འཁུར་བ། ལྗོངས་ཡོངས་ཀྱི་མཐོ་སློབ་8ཀྱི་བདམས་ཐོན་པ་10ཡིས་འགྲན་བསྡུར་ནང་ཞུགས་པ་དང་ས་གནས་ས་ཐོག་གི་དགེ་སློབ་འཐུས་མི་སྟོང་ཕྲག་ཙམ་གྱིས་འགྲན་བསྡུར་ལ་གཟིགས་པ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བོད་ལྗོངས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་སུན་ཞན་ཀྲུང་བྱེད་སྒོར་ཞུགས་པ་དང་བོད་ལྗོངས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧུའུ་ཀྲུ་ཀུའོ་ཡིས་དགའ་བསུའི་གཏམ་བཤད་གནང་བ་རེད།
གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲོའུ་དབྱི་ཧྥུང་གིས་ཤིས་ཚིག་གསུངས་སྐབས་ད་ཐེངས་ཀྱི་འགྲན་བསྡུར་ཆེ་མོ་གཉེར་བའི་དམིགས་ཡུལ་ནི་རིག་རྩལ་ལ་བརྟེན་ནས་དུས་རབས་ཀྱི་དར་སྲོལ་གསར་པ་གསོ་སྐྱོང་བྱེད་པ་དང་། དུས་རབས་ཀྱི་བརྗོད་དོན་གཙོ་བོ་སྒྲོག་པ། ལང་ཚོའི་འབད་བརྩོན་གྱི་དྲང་ནུས་གཅིག་ཏུ་སྒྲིལ་བ། མཐོ་སློབ་ཀྱི་གཞོན་ནུ་ཚོར་སྣེ་ཁྲིད་དེ་ཕུགས་བསམ་གྱི་དད་སེམས་བརྟན་དུ་གཏོང་བ་དང་ལང་ཚོའི་ཕུགས་བསམ་དང་འདུན་པ་སྦྱོང་བརྡར་བྱས་ནས་ན་གཞོན་གྱི་ཕུགས་འདུན་ཆེན་པོ་བརྟན་དུ་གཏོང་དགོས། རང་ཉིད་ཀྱི་ཕུགས་བསམ་དེ་མེས་རྒྱལ་དང་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ནང་འདྲེས་པར་བྱས་ནས། རང་རྟོགས་ངང་ཏང་དང་མི་དམངས་ཀྱི་འབོད་སྐུལ་ལ་ཉན་པ། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་བསྐྱོད་པ་བཅས་བྱས་ཏེ་ཕུགས་བསམ་ཡོད་པ་དང་འགན་འཁྲི་འཁུར་ཕོད་པ། དཀའ་སྡུག་བཟོད་ཐུབ་པ། འབད་འཐབ་བྱེད་འདོད་པའི་དུས་རབས་གསར་པའི་གཞོན་ནུ་བཟང་པོ་གཅིག་བྱེད་དགོས། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་གྱི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་ནས་འགན་འཁུར་ཐུབ།
རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་བདམས་ཐོན་པ་ཚོས་ལྷག་བསམ་ཟོལ་མེད་ཀྱི་བརྩེ་དུང་དང་ཕུན་སུམ་ཚོགས་པའི་རྣམ་པའི་ཐོག་ནས《ང་ཁྱེད་ལ་དགའ། ཀྲུང་གོ》《གནམ་ལམ》《སྙིང་ལྡིང་གསར་པ》《ཨ་ཏིའོ་》སོགས་གླུ་གཞས་རེས་མོས་ངང་བཏང་བ་དང་། གླུ་གཞས་ཀྱི་ནང་དོན་དང་དུས་རབས་ཀྱི་སྙིང་སྟོབས་ཟབ་ཚད་མཐུན་པ། དུས་རབས་གསར་པའི་བོད་ཀྱི་གཞོན་ནུའི་འགན་འཁུར་དང་འགན་འཁྲི་གསོན་ཉམས་ལྡན་པའི་སྒོ་ནས་གསལ་བཤད་བྱས་པ་དང་། ས་གནས་ས་ཐོག་གི་ལྟད་མོ་བའི་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཀྱི་སྒྲ་རྒྱུན་ཆད་མེད་པར་གྲགས་ཡོད།
མཐར་འགྲན་བསྡུར་ཆེ་མོའི་ནང་ཨང་དང་པོ་དང་། ཨང་གཉིས་པ། ཨང་གསུམ་པ་བཅས་དང་དེ་བཞིན“སློབ་གྲྭའི་གཞས་པ་ཕུལ་བྱུང་བཅུ”དང“མི་དགའ་བསུ་ཡག་ཤོས”སོགས་བྱ་དགའ་དཔྱད་འདེམས་བྱས་པ་རེད། བོད་ལྗོངས་སློབ་ཆེན་གྱི་བདམས་ཐོན་པ་བློ་བཟང་བཀྲ་ཤིས་ལ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གཞས《གངས་ལྗོངས་ཀྱི་གཞོན་ནུ》ཞེས་པ་དེ་སྐབས་འདིའི་མཐོ་སློབ་ཀྱི་གཞོན་ནུ་གཞས་པའི་འགྲན་བསྡུར་ཆེ་མོའི་ཨང་དང་པོ་ཐོབ་པ་དང་། ལྷ་ས་དགེ་འོས་སློབ་གླིང་གི་བདམས་ཐོན་པ་ཚེ་དབང་རྡོ་རྗེ་དང་ཀརྨ་དོན་མདོ་གཉིས་ཀྱིས་གླུ་གཞས《རི་ཆེན་མི》དང《བཀྲ་ཤིས་མངའ་རིས》ཞེས་པ་སོ་སོར་ཨང་གཉིས་པ་དང་གསུམ་པ་ཐོབ་པ་དང་། བོད་ལྗོངས་ཞིང་འབྲོག་སློབ་ཆེན་གྱི་བདམས་ཐོན་པ་ཧྥེང་ཐན་ལ“མི་དགའ་ཤོས་ཀྱི་བྱ་དགའ”ཐོབ་པ་རེད།
བྱ་དགའ་སྤྲོད་པའི་མཛད་སྒོ་མཇུག་འགྲིལ་རྗེས་བྱ་དགའ་ཐོབ་པའི་བདམས་ཐོན་པ་ཡོངས་ཀྱིས་ཐུན་མོང་ཐོག་འགྲན་བསྡུར་ཆེ་མོའི་བརྗོད་བྱ་གཙོ་བོའི་གླུ་དབྱངས《ཕུགས་འདུན་ལམ་བུའི་ཐོག་དོན་གཉེར་བྱེད་པ》ཞེས་པ་བཏང་བ་དང་། ངར་ཤུགས་རབ་ཏུ་ཆེ་བའི་འགྱུར་ཁུག་དང་སྐད་གསང་མཐོ་བའི་གླུ་སྒྲ་བྱེད་སྒོ་སྤེལ་ཡུལ་དུ་གྲགས་ནས“ལང་ཚོའི་བྱས་རྗེས་འཛུགས་པའི་ལོ་ལྔ་ཚན་བཅོ་ལྔ་པའི”མདུན་སྐྱོད་ཀྱི་ནུས་ཤུགས་མཉམ་ བསྡུས་བྱས་ནས་ས་མཐོའི་གཞོན་ནུའི་བློ་བརྟན་འགྱུར་མེད་ཀྱིས་དོན་གཉེར་བྱེད་པའི་དུས་རབས་ཀྱི་འབོད་སྒྲ་མཚོན། ཚོགས་ར་ཡོངས་ཀྱི་ལྟད་མོ་བ་ཚོའི་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས་པའི་ཁྲོད་སྐབས་གཉིས་པའི་བོད་རང་སྐྱོང་ལྗོངས་མཐོ་སློབ་ཀྱི་གཞོན་ནུ་གཞས་པའི་འགྲན་བསྡུར་ཆེ་མོའི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ཕུན་སུམ་ཚོགས་པའི་ངང་མཇུག་འགྲིལ་བ་རེད།
བློ་བཟང་བཀྲ་ཤིས་ཀྱིས“རང་ཉིད་འགྲན་བསྡུར་ཆེན་པོ་དེ་འདྲ་ཞིག་གི་ནང་ཨང་དང་པོ་ཐོབ་པ་བསམ་ཡུལ་ལས་འདས་པ་ཞིག་རེད། ད་ཆ་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་བྱུང་། ངའི་ངོས་ནས་བཤད་ན་དེ་ནི་དམིགས་བསལ་གྱི་འཚར་ལོངས་ཀྱི་ཉམས་མྱོང་ཞིག་རེད། མ་འོངས་པར་ངས་དགའ་ཞེན་དང་དཔའ་ངར་འདི་ཁྱེར་ནས་བྱ་སྤྱོད་དངོས་ལ་བརྟེན་ནས་ཕ་ཡུལ་གྱི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་རྒྱུ་ཡིན”ཞེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་ཆེ་མོ་དེ་ལྗོངས་ཡོངས་ཀྱི་མཐོ་སློབ་6ལ་ཁྱབ་ཡོད་པས། སློབ་གྲྭ་རིམ་པའི་འགྲན་བསྡུར་དང་། བསྐྱར་བསྡུར། རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་བཅས་དུས་མཚམས་གསུམ་བརྒྱུད་ནས་དུས་ཡུན་ཟླ་བ་གཅིག་ཙམ་རིང་མཐོ་སློབ་ཀྱི་སློབ་མ་200ལྷག་ཙམ་ཞུགས་པ་རེད། རོལ་དབྱངས་ལ་དགའ་པོ་ཡོད་པའི་གཞོན་ནུ་སློབ་མར་འཇོན་ཐང་མངོན་པ་དང་ཕུགས་འདུན་དོན་གཉེར་བྱེད་པའི་སྟེགས་བུ་བསྐྲུན་པ། དེང་རབས་ཀྱི་གཞོན་ནུ་སློབ་ཆེན་སློབ་མའི་ཡིད་ཆེས་ཆེན་པོ་དང་དཔལ་འབར་ཡར་བརྩོན། སྐྱེ་སྟོབས་ཀྱི་དཔལ་འབར་བ། དགེ་སྒྲུབ་མཛེས་ཕྱོགས་བཅས་ཀྱི་བསམ་པའི་ཉམས་འགྱུར་མངོན་པ་མ་ཟད། དེ་བས་གཞོན་ནུ་དགའ་པོ་བྱེད་པའི་བྱེད་སྟངས་བརྒྱུད་ནས་ལང་ཚོའི་མཉམ་ཤུགས་གཅིག་སྡུད་དང་། འབད་བརྩོན་སྟོབས་ཤུགས་གོང་བུར་སྒྲིལ་ནས་གཞོན་ནུ་སློབ་མའི་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་དང་འགན་འཁྲི་འཁུར་རྒྱུའི་སྐུལ་སློང་བྱས་ཏེ“ལོ་ལྔ་ཚན་བཅོ་ལྔ་པའི”འཛུགས་སྐྲུན་ནང་ཧུར་ཐག་གིས་ཞུགས་པ། ལང་ཚོའི་ཉམས་འགྱུར་གྱིས་འགན་འཁྲི་འཁུར་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་དུ་གཞོན་ནུའི་ནུས་ཤུགས་བྱས་རྗེས་འཇོག་རྒྱུ་ཡིན་པ་རེད།
ཚེ་རིང་ཐར་གྱིས་བསྒྱུར།


