ཉེ་ཆར་ཁོར་ཡུག་སྲུང་སྐྱོང་གི་སྤྱི་ཕན་བྱེད་སྒོ་གཅིག་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་ཕག་རི་གྲོང་རྡལ་གྱི་སྡེ་ཁུལ་བཞི་རུ་སྤེལ་བ་རེད། སྡེ་ཁུལ་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་སྡེ་ཁུལ་གྱི“ཨུ་ལྷན་གཉིས”ཀྱིས“མཛེས་སྡུག་ལྡན་པའི་སྤྱི་ཆིངས”སྤྱི་ཕན་རྩ་འཛུགས་དང་མཉམ་འབྲེལ་གྱིས་“ཁོར་ཡུག་སྲུང་སྐྱོང་གི་སྲུང་དམག་ཆུང་ཆུང་”20དང་། དང་བླངས་པ་དར་མ་10ཡི་སྣེ་ཁྲིད་དེ་ཐུན་མོང་ཐོག་2026ལོའི་ཁོར་ཡུག་སྲུང་སྐྱོང་གཙང་བཤེར་དང“གཅེས་སེམས་སྒམ”སྤྲོད་པའི་མཛད་སྒོ་འཚོགས་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ“མཛེས་སྡུག་ལྡན་པའི་སྤྱི་ཆིངས”ཀྱི་ལས་དོན་མི་སྣའི་ཆེད་ལས་མཛུབ་ཁྲིད་འོག་སྲུང་དམག་ཆུང་ཆུང་ཚོས་དང་བླངས་པ་དར་མ་དང་ལས་བགོས་མཉམ་ལས་བྱས་ནས“གད་སྙིགས་དངུལ་ཁང”ནང་ལོ་གཅིག་རིང་བསགས་པའི་རྒྱུ་ཆ་ཧ་ཡང་ལས་བཟོས་པའི་འཐེན་སླ་ལྕགས་ཀྲིན་དང་འགྱིག་དམ་གཅིག་སྡུད་ཐོག་རིགས་དབྱེ་བྱས་ཏེ། ཆུ་ཚོད་4ཡི་ཐུན་མོང་ངལ་རྩོལ་བརྒྱུད་ལྗིད་ཚད་སྤྱི་རྒྱ་385ཙམ་ཡོད་པའི་རྒྱུ་ཆ་ཧ་ཡང་གིས་བཟོས་པའི་འཐེན་སླ་ལྕགས་ཀྲིན་ཁུག་མ་76དང་འགྱིག་དམ་རིགས་དབྱེ་ནས་ཁུག་མའི་ནང་བླུགས་ནས་ས་གནས་ས་ཐོག་ཏུ་ངལ་རྩོལ་གྱི་རྣམ་པ་ཚ་ཚ་འུར་འུར་ངང་མངོན་པ་རེད།
བྱེད་སྒོ་ནི“གད་སྙིགས་དངུལ་ཁང་”གསར་གཏོད་ཀྱི་གཞི་རྟེན་དུ་བྱེད་པ་དང་དངུལ་ཁང་གིས་“ཉར་ཚགས་ཧྲིལ་པོར་ལེན་པ་དང་སྐར་གསོག་བརྗེ་སྒྱུར་”གྱི་རྣམ་པ་དཔྱད་གཞིར་བཟུང་ནས་ཚུར་བསྡུ་ཆོག་པའི་དངོས་པོ“བཅོལ་དངུལ”དུ་བརྩིས་ནས་གཅིག་གྱུར་ཚུར་བསྡུ་བྱས་ཏེ་འཚོང་རྒྱུ་དང་། ཡོང་འབབ་དེ་སྤྱི་ཕན་དང་ཁོར་ཡུག་སྲུང་སྐྱོང་གི་བྱེད་སྒོར་སྤྱད་དེ་ཁོར་ཡུག་སྲུང་སྐྱོང་གི་བྱ་སྤྱོད་རྒྱུན་མཐུད་གཏོང་རྒྱུ་ཡིན་པ་རེད།
དབྱེ་གསེས་ལས་དོན་མཇུག་འགྲིལ་རྗེས“མཛེས་སྡུག་ལྡན་པའི་སྤྱི་ཆིངས”ཀྱི་ལས་དོན་མི་སྣས་རི་ཆུ་ཁྲི་སྟོང་བརྒལ་བའི“གཅེས་སེམས་སྒམ”ཕྲུ་གུ་ཚོའི་ལག་ཏུ་བསྐྱལ་ནས། ཞིང་ཆེན་དང་གྲོང་ཁྱེར་གཞན་དག་གི“ཁོར་ཡུག་སྲུང་སྐྱོང་གི་སྲུང་དམག་ཆུང་ཆུང་”གིས་ཕུལ་བའི་དཔེ་དེབ་དང་། འཕྲིན་ཡིག རྩེད་ཆས་སོགས་དྲོ་སྐྱིད་ལྡན་པའི་ལག་རྟགས་དང་ས་ཁོངས་ལས་བརྒལ་བའི་བྱིས་པར་བྱམས་བརྩེས་ས་མཐོའི་ཁོར་ཡུག་སྲུང་སྐྱོང་བྱ་སྤྱོད་དེ་སྤྱི་ཕན་ལས་བརྒལ་ནས་མི་རིགས་མཐུན་སྒྲིལ་གཞོན་ནུ་ལོ་ཆུང་ཚོགས་སྤྱིའི་ཁྲོད་རྩ་བ་ཚུགས་ནས་མྱུ་གུ་འབུས་པའི་གསོན་ཉམས་ལྡན་པའི་དཔང་རྟགས་ཤིག་ཏུ་གྱུར་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོའི་ཟླ་4པར“གད་སྙིགས་བསྐྱར་གསོག་སྒྲོམ་གཞིའི”རྣམ་གྲངས་ལག་ལེན་བསྟར་བ་ནས་བཟུང་ཕག་རི་གྲོང་རྡལ་གྱིས“ཁོར་ཡུག་སྲུང་སྐྱོང་གི་སྲུང་དམག་ཆུང་ཆུང་”21ལ་གཟའ་མཇུག་དང་དུས་ཆེན་གུང་གསེང་སྐབས་རང་འགུལ་ངང་བེད་མེད་དངོས་པོ་བསྡུ་རུབ་དང་རིགས་དབྱེ་བྱེད་པའི་གོམས་གཤིས་བཟང་པོ་འཇགས་པ་བྱས་ཡོད། མིག་སྔའི་བར་སྡེ་ཁུལ་གྱི“ཁོར་ཡུག་སྲུང་སྐྱོང་གི་སྲུང་དམག་ཆུང་ཆུང་”གིས་རིམ་རྩིས་བྱས་ན་ཁོར་ཡུག་སྲུང་སྐྱོང་གི་བྱ་སྤྱོད་ཐེངས་42སྤེལ་བ་དང་མི་ཐེངས་294བཏང་བ་དེ་རིམ་རྩིས་བྱས་ན་ཚུར་བསྡུ་ཆོག་པའི་དངོས་པོའི་རིན་ཐང་སྒོར་1642ཟིན་ཡོད་པ་རེད།
གཞན་ཡང་ཁོར་ཡུག་སྲུང་སྐྱོང་བྱ་སྤྱོད་དེ་ཡུན་རིང་སྐུལ་འདེད་གཏོང་ཆེད་ཕག་རི་གྲོང་རྡལ་གྱི་སྡེ་ཁུལ་བཞིས“མཛེས་སྡུག་ལྡན་པའི་སྤྱི་ཆིངས”ཀྱིས་སྔོན་བརྩིས་ནས་གྲོས་བསྡུར་དང་གཏན་ཁེལ་བྱས་ཏེ། ཁག་བགོས་ནས་བཅུག་ཟིན་པའི་ཚུར་བསྡུ་ཆོག་པའི་དངོས་པོ་རྣམས་སྤྱི་ཕན་རྩ་འཛུགས་ཀྱིས་སྣུམ་རྒྱུའི་སྐྱེལ་འདྲེན་འགྲོ་གྲོན་གྱི་འགན་འཁུར་ནས་རྒྱལ་རྩེ་རྫོང་དུ་དབོར་ནས་འཚོང་བ་དང་དེ་ལས་ཐོབ་པའི་གྲོན་དངུལ་ཚང་མ་སྡེ་ཁུལ་ཁོར་ཡུག་སྲུང་སྐྱོང་གི་སྲུང་དམག་ཆུང་ཆུང་གི་རྒྱུན་ལྡན་བྱེད་སྒོར་སྤྱོད་རྒྱུ་མ་ཟད། “བསྡུ་རུབ་དང་། ཐག་གཅོད། ཕྱིར་སྐྱེལ་”བཅས་ཀྱི་གོམས་གཤིས་བཟང་པོ་ཆགས་པ་བྱས་ནས་ལྗང་མདོག་སྤྱི་ཕན་གསོན་ཤུགས་ལྡན་པར་བྱས་ཡོད།
ཕག་རི་གྲོང་རྡལ་གྱི་སྡེ་ཁུལ་བཞིས“ལག་ཆུང་གིས་ལག་ཆེན་འཐེན་”འབྲེལ་ཐག་ཏུ་བྱས་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་སློབ་གསོ་མཉམ་འདྲེས་གཏིང་ཟབ་བྱས་ཐོག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་། སྡེ་ཁུལ་གྱི“ཨུ་ཡོན་ལྷན་ཁང་གཉིས”ཀྱིས་བརྒྱུད་རིམ་ཧྲིལ་པོར་ཁྲིད་སྟོན་དང་ཤུགས་སྣོན་བརྒྱབ་ནས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ས་མཐོར་རྩ་བ་ཚུགས་པ་དང་མྱུ་གུ་འབུས་པ་མ་ཟད། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་གཞོན་ནུ་ལོ་ཆུང་ཚོགས་སྤྱིའི་ཁྲོད་བཞད་དེ། རིགས་དབྱེ་འདོན་སྤྲོད་བྱེད་ཐེངས་རེ་རེ་དང་། གཅེས་སེམས་བརྒྱུད་སྤྲོད་བྱེད་ཐེངས་རེ་རེ། ཐུན་མོང་ངལ་རྩོལ་བྱེད་ཐེངས་རེ་རེ་བཅས་ཚང་མ་གཞོན་ནུ་ལོ་ཆུང་ཚོའི་འཚར་ལོངས་ལམ་བུར་གསོན་ཉམས་ལྡན་པའི་སློབ་གཞི་ཞིག་ཏུ་གྱུར་ཡོད།
བསོད་བསྟན་གྱིས་བསྒྱུར།


