西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །ང་རང་སྐྱོ་སྣང་སྐྱེ་དགོས་པའི་དོན་ཞིག ༄༅། །གལ་ཏེ། བོད་ལྗོངས་ཕག་རི་གྲོང་རྡལ་གྱིས་“གད་སྙིགས་དངུལ་ཁང་”ཅེས་པའི་གཅེས་སེམས་སྣོད་བཅུད་ཀྱི་སྨྱུ་གུར་བརྟེན་ནས་མཐུན་སྒྲིལ་གྱི་ལེའུ་གསར་པ་བྲིས་པ། ༄༅། །ཁྱིམ།

放大 缩小 默认

༄༅། །ང་རང་སྐྱོ་སྣང་སྐྱེ་དགོས་པའི་དོན་ཞིག

□ 作者 ཚེ་རིང་དབྱངས་སྐྱིད།

ངས་སྔོན་ཆད《ཞི་མི་ཁྲ་ཁྲ》ཞེས་པའི་རྩོམ་ཡིག་ཐུང་ཐུང་ཞིག་འབྲི་མྱོང་ལ། རྩོམ་ཡིག་དེ་དུས་དེབ་ཏུ་བཀོད་ནས་རྩོམ་ཡོན་ཕྲན་བུ་ཞིག་ཀྱང་རག་མྱོང་། ང་རང་ལ་མཚོན་ན། དོན་དེ་ནི་རྟེན་འབྲེལ་ཞུ་འོས་པའི་དོན་ནམ་དགའ་འོས་པའི་གནས་ཚུལ་ཞིག་ཡིན་མོད། དེ་རིང་ཕྱོགས་གཞན་ཞིག་ནས་སྐྱོ་སྣང་སྐྱེ་དགོས་པ་ཞིག་སྟེ། ངའི་ཞི་མི་ཁྲ་ཁྲ་དེ་འཇིག་རྟེན་ཕྱི་མའི་ཡུལ་ལ་ཕྱིན་པ་རེད།

སྔོན་ཆད་ཡིན་ན་ང་རང་ཁྱིམ་ན་ཡར་འཛུལ་དུས་ཞི་མི་མ་མཐོང་ཡང་ཞི་མིའི་ཉལ་ས་ཆུང་ཆུང་དེ་མཐོང་རྒྱུ་ཡོད། འོན་ཀྱང་། དེ་རིང་ཁྱིམ་ལ་འཛུལ་སྐབས་ཞི་མི་ཁྲ་ཁྲ་མ་མཐོང་ལ་དེའི་ཉལ་ས་ཆུང་ཆུང་དེ་ཡང་མཐོང་མ་བྱུང་། འོན་ཀྱང་ངའི་སེམས་སུ་བཀྲ་མ་ཤིས་པའི་ཚོར་སྣང་དང་རྟགས་མཚན་གང་ཡང་མ་བྱུང་། ངས་ཐོག་མར་ཨ་མས་ཞི་མིའི་ཉལ་ས་གནས་གཞན་ཞིག་ལ་སྤོས་པ་རེད་བསམ་བྱུང་། ཞི་མི་ནི་གཏན་ཁེལ་ཕྱི་ལོགས་ལ་རྩེད་མོ་རྩེ་བར་ཕྱིན་པ་རེད་བསམ་ནས་ནང་མིར་དེའི་སྐོར་སྐད་ཆ་ཅང་དྲིས་མེད། དགོང་མོ་ནང་མི་རྣམས་ཉལ་ཁར་ང་རང་གཅིག་པུར་ཁང་པ་རེ་རེ་བཞིན་དུ་འཛུལ་ནས་བལྟས་མོད། ཞི་མི་དང་ཉལ་ས་གཉིས་ཀ་གར་སོང་ཆ་མེད་དུ་གྱུར་འདུག་པས། ང་ཨ་མའི་འགྲམ་དུ་ཕྱིན་ནས“ཨ་མ། ངའི་ཞི་མི་གང་དུ་ཡོད་རེད་དམ། ངས་དེ་རིང་ཉིན་གཅིག་ཏག་ཏག་ཞི་མིའི་གྲིབ་མ་ཙམ་ཡང་མཐོང་མ་བྱུང”ཞེས་བཤད་པས། ཨ་མས་ངའི་དྲི་བ་ལ་ཐད་ཀར་ལན་མ་བརྒྱབ་པར“དེ་རིང་རླངས་འཁོར་ནང་ལ་དཀའ་ལས་ཁག་ཡོད་རེད། ད་ལྟ་དུས་ཚོད་ཀྱང་ཕྱི་པོ་རེད་འདུག་པས་སྔོན་ལ་ཉལ་བར་སོང་། སང་ཉིན་ངས་ཁྱོད་ལ་བཤད་ཆོག”ཟེར། མ་གཞི་ང་རང་ཡང་སྙིང་དོན་དག་ཅི་ཞིག་བྱུང་མིན་ཤེས་འདོད་ཆེ་མོད། ཨ་མས་དེ་ལྟར་གསུངས་པས་ང་ཡང་སྐད་ཆ་འདྲི་མཚམས་བཞག་ནས་མ་ཉལ་ཀ་མེད་བྱུང་།

ཉིན་གཉིས་པར། ང་ནམ་རྒྱུན་དང་མི་འདྲ་བར་ཞོགས་པ་སྔ་པོ་ནས་ཡར་ལངས་ཏེ་ཨ་མའི་འགྲམ་དུ་ཕྱིན། མ་གཞི་ངས་སྔ་ནུབ་མར་ཉལ་ཚར་རྗེས་བསམ་གཞིག་ནན་པོ་བརྒྱུད་དེ་གནས་ཚུལ་ཅི་ཞིག་ལྷག་ཟིན་པ་རྩ་བའི་ཆ་ནས་ཚོད་དཔག་ཐུབ་ཀྱི་ཡོད་མོད། ངས་སོམ་ཉི་དང་སྦྲགས་ངོ་གདོང་འཁྲུ་བཞིན་པའི་ཨ་མར་སླར་ཡང“ངའི་ཞི་མི་གང་དུ་ཡོད་དམ”ཞེས་སྐད་ཆ་དྲིས། ཁོང་གིས་སེམས་དོགས་ཅི་ཡང་མེད་པའི་སྒོ་ནས་“ཞི་མིར་སྙིང་ནད་ཕོག་ཏེ་ཤི་སོང”ཟེར། སྐད་ཆ་དེ་ཐོས་དུས་བསམ་ཡུལ་ལས་འདས་པ་ཞིག་ལ་ང་ལ་དམིགས་བསལ་གྱི་སྐྱོ་སྣང་དེ་ཙམ་སྐྱེས་མ་བྱུང་། ངས“འོ་ཡ་ཡ”ཞེས་ཅི་བྱ་གཏོལ་བྲལ་དུ་གྱུར་པའི་རྣམ་འགྱུར་དང་བཅས་ཁ་པར་བལྟས་ནས་བསྡད་པ་ཡིན། ཅུང་ཙམ་ཕྱིན་པ་ན། སླར་ཡང་བློ་མ་བདེ་བ་ཞིག་བྱུང་ནས་ཨ་མའི་འགྲམ་དུ་སོང་། ངས་ཨ་མར་“ཞི་མིའི་ཕོར་པ་བསྡད་ཡོད་དམ”ཞེས་དྲིས་པས། ཨ་མས་ང་ལ་ཕོར་པ་ཞིག་སྤྲད་བྱུང་། ངས་ཕོར་པའི་ནང་རྩམ་སྐྱོ་ཞིག་དང་ཤ་རྡོག་རིལ་རིལ་འགའ་བླུགས་ནས་ཆ་སྒམ་གྱི་འགྲམ་དུ་བཞག ནམ་རྒྱུན་ཡིན་ན་སྐར་མ་ཁ་ཤས་ལས་མ་ཕྱིན་པར་ཞི་མིས་གཙང་མར་ཟ་གི་ཡོད་མོད། དེ་རིང་ངས་ག་ཚོད་བསྒུགས་ཀྱང་ཕོར་པའི་ཁ་དམའ་རུ་གཏན་ནས་འགྲོ་རྒྱུ་མེད་པར་གྱུར། ངའི་དྲན་གདུང་སྔར་ལས་ཅུང་དྲག་ཏུ་ཕྱིན། ཕྱི་དྲོར་ང་རང་དམིགས་ཡུལ་ཅི་ཡང་མེད་པར་ཕྱི་ལོགས་ལ་འགྲོ་བཞིན་པའི་ལམ་བར་དུ། ཞི་མི་ཞིག་གློ་བུར་ལ་ངའི་མིག་མདུན་དུ་མངོན་བྱུང་། ངའི་སེམས་ལ་ཞི་མི་དེ་རང་ཉིད་ཀྱི་ཞི་མི་མིན་པ་ཁ་གསལ་གཏིང་གསལ་ཤེས་ཀྱི་ཡོད་མོད། ངས་ཞི་མི་དེའི་རྒྱབ་ནས་དེད་ཕྱིན་པ་ཡིན། ཁོས་ང་མཐོང་མ་ཐག་དངངས་འཚབ་ཀྱིས་གོམ་པ་ཇེ་མགྱོགས་སུ་བཏང་ནས་བྲོས་ཕྱིན། ངས་ཞི་མི་དེ་རང་ཉིད་ཀྱི་མ་ཡིན་པར་ཕངས་སྣང་ཚད་མེད་སྐྱེས་ཤིང་། སེམས་པ་གྲང་ཤུར་ཤུར་དུ་གྱུར།

དགོང་མོ་ང་རང་ཉལ་དུས་གཉིད་མ་ཁུག་བར་ཉལ་ཁྲིའི་སྟེང་ཁ་ཕར་སྐོར་ཚུར་སྐོར་མང་པོ་བྱས་པ་དང་། སེམས་སུ་གལ་སྲིད་ང་ད་ལྟ་ཞི་མི་འཚོལ་དུ་སོང་ན་རྙེད་སྲིད་དམ་མི་སྲིད། ངས་ཞི་མི་མི་མཐོང་རུང་ཞི་མིས་ང་མཐོང་ཡོད་སྲིད་དམ་སྙམ་པ་སོགས། མདོར་ན། དོན་མེད་ཀྱི་འཁྲུལ་སྣང་སྣ་ཚོགས་རྦ་རླབས་བཞིན་རེ་འཇགས་རེ་ལངས་ཀྱི་ཚུལ་དུ་གནས། དོན་ངོ་མ་ངས་ཀྱང“ཤི”ཟེར་བ་དེས་ཅི་ཞིག་མཚོན་པ་མི་སུ་ཞིག་ལས་ཀྱང་ཁ་གསལ་བ་ཧ་གོ་ཡི་ཡོད།

དུས་དེ་ནས་བཟུང་། ངས་ཞི་མི་མཐོང་འདོད་བྱེད་བསམ་ཚེ་སྔོན་ཆད་ཁ་པར་དུ་བླངས་པའི་བརྙན་དང་པར་རིས་ལ་བལྟ་བ་ལས་གཞན་གྱི་བྱ་ཐབས་གང་ཡང་མེད། ངས་ཞི་མི་དྲན་སྐབས་དེ་ལྟར་ཁ་པར་གྱི་པར་སྒྲོམ་སྒོ་ཕྱེས་ནས་རང་གིས་རང་ལ་སེམས་གསོ་བྱེད་ངེས་ཡིན་ལ། ངེད་གཉིས་བར་གྱི་མི་སེམས་འགུལ་བའི་བརྩེ་བ་ཟབ་མོ་དེ་དག་ཡང་ནས་ཡང་དུ་དྲན་གསོ་བྱེད་ངེས་ཡིན། །

འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༩(༦)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明