འདི་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བས་ལོ་ངོ་60ཡི་རིང་བོད་ལྗོངས་ཀྱི་གནམ་གཤིས་ལས་དོན་བྱ་གཞག་ཐད་རྨང་གཞི་ཞན་པ་ནས་མ་ལག་འཐུས་ཚང་དུ་འགྱུར་བ་དང་ལག་རྩལ་རྗེས་ལུས་ནས་གསར་གཏོད་ཀྱི་སྣེ་ཁྲིད་བར་མཆོང་སྐྱོད་ཆེན་པོ་བྱུང་བ་མངོན་འགྱུར་བྱུང་བ་རེད། ཟླ་11ཚེས་18ཉིན་གསར་འགོད་པས་བོད་ལྗོངས་གནམ་གཤིས་ལས་དོན་བྱ་གཞག་འཕེལ་རྒྱས་གྲུབ་འབྲས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔར་བོད་རང་སྐྱོང་ལྗོངས་གནམ་གཤིས་སྔོན་ཚུད་ཉེན་བརྡ་ཡི་མང་ཚོགས་ཁྱབ་ཚད་92.02%ཟིན་པ་དང་། སྔོན་ཚུད་ཉེན་བརྡའི་ཆ་འཕྲིན་ཁྱབ་བསྒྲགས་བྱས་པའི་ཕྱོགས་བསྡུས་མི་འབོར་ཁྱབ་ཚད་98.74%ཟིན་ནས་གནམ་གཤིས་དེང་རབས་ཅན་གྱི་སྐས་རིམ་གསར་པར་སླེབས་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60སོང་ཚུན་གནམ་གཤིས་ཀྱི་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་ནུས་པ་ཆེ་རུ་ཕྱིན་པ་དང་སྔོན་བརྡ་སྔོན་ཚུད་ཉེན་བརྡ་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད་ལ། ལྗོངས་ཡོངས་ཀྱི་ས་ངོས་ཀྱི་གནམ་དཔྱད་ས་ཚིགས་1965ལོའི་23ནས་1284བར་འཕར་བ་དང་། ཆ་སྙོམས་ས་ཚིགས་ཀྱི་བར་ཐག་སྤྱི་ལེ་228ནས་སྤྱི་ལེ་30.57བར་ཐུང་དུ་ཕྱིན་ནས་ལྗོངས་ཡོངས་ཀྱི་ཤང་གྲོང་ཡོངས་ལ་ཁྱབ་ཚད་མངོན་འགྱུར་བྱུང་ཡོད། སྔོན་བརྡའི་ཕན་ནུས་དེ་ཆུ་ཚོད་24ནས་སྣུར་སྲིང་དུས་ཡུན་དང་། ཟླ་བ། དུས་ཚིགས། ལོ་བཅས་སྲུབས་མེད་ངང་སྣུར་སྲིང་བྱས་ཏེ་ལྗོངས་ཡོངས་ཀྱི་སྤྱི་ལེ་3དང་གཙོ་གནད་ས་ཁོངས་ཀྱི་སྤྱི་ལེ་1ཆུ་ཚོད་རེ་རེ་བཞིན་གསར་བརྗེས་བྱེད་པའི་རིག་ནུས་དྲ་བའི་སྔོན་བརྡའི་ཐོན་རྫས་བསྐྲུན་ཡོད།
“ལོ་ལྔ་ཚན་བཅོ་ལྔ་པའི”རིང་སྔོན་དཔག་བྱས་ན་བོད་ཀྱི་གནམ་གཤིས་སྡེ་ཚན་གྱི་འབྲེལ་ཡོད་འགན་འཁུར་བས་མིག་སྔར་《“ལོ་ལྔ་ཚན་བཅོ་ལྔ་པའི་”དུས་སྐབས་ཀྱི་བོད་ལྗོངས་གནམ་གཤིས་ཞབས་ཞུའི་འགན་སྲུང་དང་སྤྱི་ཚོགས་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་སྤུས་ཀའི་ལས་འགན་གལ་ཆེན་ཞིབ་འཇུག》བཟོ་འགོད་སྒྲིག་ཁོངས་ལེགས་གྲུབ་བྱས་ཟིན་པ་དང་། 2030ལོར་བོད་ཀྱི་གནམ་གཤིས་ཚན་རྩལ་ནུས་པ་དེང་རབས་ཅན་དང་སྤྱི་ཚོགས་ཞབས་ཞུ་དེང་རབས་ཅན་དུ་འགྱུར་བར་མངོན་གསལ་དོད་པོས་མཐོར་འདེགས་དང་། བོད་ཀྱི་གནམ་གཤིས་ཀྱི་གནོད་འཚེ་འགོག་གེགས་ཆུང་དུ་གཏོང་བའི་འགོག་སྲུང་གི་ནུས་པ་འདོན་སྤེལ་གང་ལེགས་ཡོང་བར་བརྩོན་ལེན་གྱིས་ཐོག་མར་ཤེས་ལྡན་གནམ་གཤིས་ཁྱད་ཆོས་གཙོ་བོར་འཛིན་པའི་བོད་ཀྱི་གནམ་གཤིས་དེང་རབས་ཅན་ལ་ མངོན་འགྱུར་ཡོང་བ་བྱེད་རྒྱུ་ཡིན་པ་རེད།
བསོད་བསྟན་གྱིས་བསྒྱུར།


