ཉེ་ཆར།“ལང་ཚོའི་ཕུགས་འདུན་བསྐྲུན་ནས་ལོ་ངོ60འཁོར་·ཚོན་རིས་ཀྱིས་མཐུན་སྒྲིལ་གྱི་སེམས་པ་བྲིས། བོད་ཀྱི་གཞོན་ནུ་ལོ་ཆུང་མི་རིགས་མཐུན་སྒྲིལ་ཡིག་རིས་འགྲན་བསྡུར་སྐབས་དང་པོ་དང་ལྗོངས་ཡོངས་གཞོན་ནུ་ལོ་ཆུང་ཡིག་རིས་འགྲེམས་སྟོན་སྐབས་དྲུག་པ་”ལྷ་སར་འཚོགས་ཤིང་། ད་ཐེངས་ཀྱི་འགྲེམས་སྟོན་དུས་ཡུན་ཉིན་7ཡིན་པ་དང་ཟླ་11ཚེས་14ཉིན་ནས་ཚེས་21ཉིན་བར་བོད་རང་སྐྱོང་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་སྤྱི་ཚོགས་ཀྱི་མང་ཚོགས་ཡོངས་ལ་རིན་མེད་ངང་སྒོ་ཕྱེ་བ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། འགྲན་བསྡུར་ཆེན་པོའི་ནང་2025ལོའི་ཟླ་8པར་ཟིན་བྲིས་བསྡུས་པ་ནས་བཟུང་ས་ཁུལ་ཕྱི་ནང་གི་མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་གིས་ཧུར་ཐག་དང་ལེན་བྱས་པ་དང་། ཟིན་བྲིས་བསྡུས་པ་མཇུག་འགྲིལ་བར་ཁྱོན་ཡིག་རིགས་དང་རི་མོ་2000ཙམ་འབྱོར་ཞིང་། དེའི་ནང་རང་རྒྱལ་གྱི་སྲོལ་རྒྱུན་རི་མོ་དང་སྣུམ་ཚོན་རི་མོ། ཆུ་ཚོན་རི་མོ། ཡིག་གཟུགས་སོགས་རྣམ་པ་སྣ་ཚོགས་ཚུད་ཡོད་པ་དང་། ཟླ་10པའི་ཟླ་མཇུག་ཏུ་ཞིབ་དཔྱད་ཚོགས་ཆུང་གིས་བརྗོད་བྱ་གཙོ་བོའི་མཐུན་ཚད་དང་སྒྱུ་རྩལ་གྱི་མངོན་མཚོན་ནུས་པ། གསར་གཏོད་རང་བཞིན་སོགས་ཀྱི་ཐད་ནས་རྩོམ་ཡིག་ཕུལ་བའི་བརྩམས་ཆོས་ལ་གདམ་གསེས་ནན་པོ་བྱས་ཏེ། མཐར་བརྩམས་ཆོས་300ཙམ་བསྐྱར་དཔྱད་དང་འགྲེམས་སྟོན་ནང་ཞུགས་རྒྱུའི་གཏན་འཁེལ་བྱས་པ་རེད།
འགྲན་བསྡུར་ཆེན་པོའི་ནང་མཛེས་རྩལ་རིགས་ཀྱི་བྱིས་པའི་ཚོགས་ཆུང་དང་ན་ཆུང་ཚོགས་ཆུང་། གཞོན་ནུ་ཚོགས་ཆུང་བཅས་ཁག་ལ་བྱ་དགའ་དང་པོ་གཅིག་དང་བྱ་དགའ་གཉིས་པ་གསུམ་བྱ་དགའ་གསུམ་པ་ལྔ་བཅས་ལ་དཔྱད་བསྡུར་བྱས་པ་དང་། ཡིག་གཟུགས་རིགས(རྒྱ་ཡིག་དང་བོད་ཡིག་གི་རིགས་དབྱེ་ལྟར་དཔྱད་འདོན)བྱ་དགའ་དང་པོ་གཅིག་དང་བྱ་དགའ་གཉིས་པ་གསུམ་བྱ་དགའ་གསུམ་པ་ལྔ་བཅས་ཡོད། བོད་ཡིག་ཡིག་གཟུགས་བྱ་དགའ་དང་པོ་ཐོབ་པའི་ཚེ་རིང་འབྲུག་ལྷ་ཡིས་“ད་ཐེངས་ཀྱི་བྱེད་སྒོ་ནི་འགྲན་བསྡུར་ཡིན་པ་མ་ཟད་དེ་བས་མང་བ་ནི་སྤེལ་རེས་སློབ་སྦྱོང་ཡིན་པས། ངས་ཡིག་གཟུགས་ལ་མུ་མཐུད་ཞིབ་འཇུག་བྱས་ནས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ཧུར་ཐག་བྱ་རྒྱུ་ཡིན”ཞེས་བཤད།
འགྲེམས་སྟོན་ལ་ལྟ་སྐོར་བྱེད་མཁན་གྲོང་མི་ཟླ་བ་ཡིས“གཞོན་ནུ་གསར་གཏོད་བྱེད་མཁན་དེ་དག་གི་བརྩམས་ཆོས་ལ་བལྟས་ཚེ་ལོ་ངོ་60ཡི་རིང་བོད་ཀྱི་འགྱུར་ལྡོག་ཧ་ཅང་ཆེན་པོ་ཚོར་ཐུབ་པ་མ་ཟད། མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་གཏིང་ཟབ་ཀྱང་མཐོང་ཐུབ། འགྲེམས་སྟོན་དེ་འདྲར་དོན་སྙིང་ཆེན་པོ་ལྡན་པས་ང་ཚོས་ཕ་ཡུལ་གྱི་འབྱུང་འགྱུར་ལ་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད”ཅེས་མྱོང་ཚོར་ཆེན་པོས་བཤད།
ཚེ་རིང་ཐར་གྱིས་བསྒྱུར།


