མི་རྟག་འཇིག་རྟེན་འཁོར་བའི་ནམ་མཁའ་ན། །རེ་ཞིག་མྱུལ་བའི་འདུན་པ་ཡོད་ན་ཡང་། །
འཐོར་རླུང་ཞིག་གིས་འདུན་པའི་གཤོག་ཟུང་དེ། །ཐན་པའི་བྲག་རིར་བརྡབས་པར་ཡིད་རེ་སྐྱོ། །
ད་ནི་འཆི་བདག་གཤིན་རྗེའི་བཀའ་ཞིག་སྒུག །སྐོམ་པའི་གདུང་བས་རྒྱ་མཚོ་འཐུང་བར་འདོད། །
ལྟོགས་པའི་གདུང་བས་མར་སྤགས་ཟ་བར་འདོད། །ཡིད་སེམས་ནམ་མཁའ་རྟོག་པའི་སྣང་ངོས་ཁེངས། །
ཡུན་ཙམ་ཞིག་ནས་ཆུང་ཆུང་བྱིས་དུས་དྲན། །གཤོག་སྒྲོའི་གར་གྱིས་ནམ་འཕང་གཅོད་པར་དྲན། །
རི་བོང་འཛིན་པའི་སྡེར་མོའི་ངར་དེ་དྲན། །དབང་སྔོན་དབྱིངས་ནས་སོ་ལྟ་བྱེད་པ་དྲན། །
སྔོན་ཆད་འོད་སྟོང་འབར་བ་མཐོང་བ་ན། །གློ་དང་མཆིན་པའི་བར་ན་ན་ཟུག་སྦྱིན། །
མིག་ཆུའི་ཐིགས་པ་སྨད་ཀྱི་རྒྱ་མཚོར་ལྷུང་། །མི་རྟག་འཇིག་རྟེན་འཁོར་བར་ཡིད་རེ་སྐྱོ། །
དུས་ཀྱི་རྦབ་ཆུའི་འགྲམ་གྱི་རྒོད་པོ་དེ། །གཤོག་ཟུང་རྨ་ཁ་ལོ་ཟླའི་གར་ཁྲོད་ཡལ། །
ནད་ཀྱི་མདུད་པ་ནམ་མཁའི་འཇའ་བཞིན་ཡལ། །སེམས་ཀྱི་ནམ་མཁའ་སླར་ཡང་གཡའ་དག་གྱུར། །
བྲག་སྟེང་གཡང་ཚང་དྲོན་མོར་འགྲོ་བར་འདོད། །སྨད་ཀྱི་མཚོ་མོའི་གཉེར་རིས་ལྟ་བར་འདོད། །
བར་གྱི་སྒྱུ་མའི་གྲོང་ལ་མྱུལ་བར་འདོད། །རྒོད་ཚང་རྒད་པོ་ལྷ་བུ་ཐུག་པར་འདོད། །
མི་རྟག་འགྱུར་བའི་འཁོར་བའི་འཇིག་རྟེན་ན། །འདུས་བྲལ་འཁོར་བའི་ཆོས་ཉིད་དོ་ར་འདིར། །
མི་སེམས་དུག་གི་ཁ་རླངས་འཕྱུར་བཞིན་དུ། །ཡིག་དྲུག་སྐྱོར་ཞིང་འགྲོ་བར་ཞེ་རེ་སྐྲག །
རྒོད་རྒན་བསམ་པའི་དོན་གྲུབ་གང་ནས་ཡོང་། །མུན་ནག་གྲིབ་པའི་འཛམ་གླིང་ཞིག་ནས་ཡོང་། །
ཁ་སང་ནམ་མཁའ་གཡའ་དག་འོད་ཅན་དེ། །དེ་རིང་སྤྲིན་ནག་འཁྲིགས་ཤིང་འབྲུག་སྒྲ་གྲགས། །
མི་རྟག་འགྱུར་བའི་ཀློང་གི་རྐང་གཉིས་ཡཱ། །འཛམ་གླིང་བྱེད་པོའི་གནས་ཡིན་སྨྲ་ན་ཡང་། །
འཁོར་བའི་དབུས་ན་ཟག་བྱེད་ཕུང་པོ་ཙམ། །སྲོག་ཆགས་ཀུན་གྱི་འཆི་ལམ་འགྲོ་རོགས་ཡིན། །
ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོིའི་མེ་ཏོག་རྩོམ་རིག་ཚོགས་པ།
ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།


