西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །གལ་སྲིད་ང་རང་དགེ་རྒན་ཞིག་ཡིན་ན། ༄༅། །འཁོར་བའི་ནང་གི་དྲན་ཆར། ༄༅། །སྟོན་གྱི་ཉམས་བཟང་། ༄༅། །བོར་ཟིན་པ།

放大 缩小 默认

༄༅། །གལ་སྲིད་ང་རང་དགེ་རྒན་ཞིག་ཡིན་ན།

□ 作者 འཆི་མེད་གཡང་འཛོམས།

སློབ་སྦྱོང་གི་ལམ་བུ་འདིའི་སྟེང་དུ། ངས་ཀྱང་དགེ་རྒན་མང་པོ་ཞིག་མཐོང་མྱོང་། ལ་ལ་ནི་ཞི་ཞིང་འཇམ་པ་དང་། ལ་ལ་ནི་ནན་པོ་དེ་འདྲའོ། །ཡིན་ཡང་དེ་ཚོ་ཚང་མ་ངའི་ལམ་སྣ་འཁྲིད་མཁན་གྱི་སློབ་དཔོན་རེད། དེའི་རྐྱེན་གྱིས་དགེ་རྒན་སུ་ཞིག་ཡིན་རུང་ང་ཚོར་དྲིན་ཆེ། ངས་རྟག་པར་གལ་སྲིད་ང་རང་དགེ་རྒན་ཞིག་བྱེད་ན་དགེ་རྒན་ཇི་ལྟ་བུ་ཞིག་བྱེད་དམ་སྙམ་ནས་བསམ་བློ་གཏོང་མྱོང་།

གལ་སྲིད་ང་རང་དགེ་རྒན་ཞིག་བྱེད་དབང་ཡོད་ན། ང་རང་སློབ་འབྲིང་གི་ས་ཁམས་དགེ་རྒན་ཞིག་བྱེད་པ་འདུག གང་ཡིན་ཞེ་ན། ངའི་སློབ་འབྲིང་ལོ་རིམ་དང་པོའི་སྐབས་ཀྱི་ས་ཁམས་དགེ་རྒན་གྱི་ཤུགས་རྐྱེན་ཐེབས་པས་ཡིན། ཁོང་ནི་མཆུ་ཏོ་གྲི་ལས་རྣོ་ཞིང་སྙིང་ཞོ་ལས་སྙི་བའི་དགེ་རྒན་བུ་མོ་ཞིག་ཡིན། ཁོང་ནི་ངའི་སློབ་སྦྱོང་དང་འཚོ་བའི་ཐོག་གི་ལམ་སྟོན་སྒྲོན་མེ་ལྟ་བུ་ཡིན། ངས་ཁོང་ནང་བཞིན་སློབ་མ་ལ་དགའ་བ་དང་འགན་ཁུར་བའི་བསམ་བློ་ཞིག་ཁྱེར་ཏེ་སློབ་མ་ཚོ་ལ་ཐོག་མར་ས་ཁམས་ཞེས་པའི་རིག་ཚན་དེར་དགའ་རུ་འཇུག་སྲིད་པ་དང་། རང་ཉིད་ཀྱིས་སློབ་ཁྲིད་གྲ་སྒྲིག་ལེགས་པར་བྱས་ནས་མ་ཤེས་པ་དང་དོགས་གནད་ཡོད་པའི་རིགས་སྔོན་ནས་ཐག་གཅོད་བྱེད་ངེས་ཡིན། ང་རང་དགེ་རྒན་ཞིག་བྱེད་ན་ངས་སློབ་མ་དང་སེམས་པ་ཡུག་གཅིག་ཏུ་སྦྲེལ་སྲིད་པ་དང་། དེ་འདྲ་བྱས་ན་སློབ་མ་ཚོ་ལ་དགོས་མཁོ་ཅི་ཞིག་ཡོད་པ་རྟོགས་སྲིད་ལ། དེས་སློབ་སྦྱོང་གཅིག་པུ་མ་ཡིན་པར་འཚོ་བའི་ཐད་ལ་ཡང་རོགས་རམ་བྱེད་པར་ཕན་ཐོགས་ངེས། ངས་བལྟས་ན་སློབ་མ་ཚང་མ་ལ་རང་གི་དགེ་མཚན་དང་སྐྱོན་ཆ་རེ་ཡོད་རེད། དགེ་རྒན་ཞེས་པ་ནི་སློབ་མའི་སྐྱོན་ཆ་ཙམ་མ་ཡིན་པར། དགེ་མཚན་དེ་ཚོར་རྒྱུས་ལོན་བྱས་ཏེ་ཁོང་ཚོའི་མ་འོངས་པའི་མི་ཚེར་ལམ་སྟོན་བྱེད་ཐུབ་ན། དེ་ནི་དགེ་རྒན་གྱི་ལས་ཀའི་ཆེས་མཛེས་ཤོས་ཀྱི་གཟུགས་བརྙན་དེ་ཡིན།

གལ་སྲིད་ང་རང་དགེ་རྒན་ཞིག་ཡིན་ན། ངས་ཕྲུ་གུ་གཟུགས་ཆུང་ཙམ་ཡོད་པའི་རིགས་ལ་དམིགས་བསལ་གྱི་ལྟ་རྟོག་ཅུང་ཟད་བྱེད་པ་འདུག གང་ཡིན་ཞེ་ན། ང་རང་ཆུང་ངུའི་དུས་སུ་གཟུགས་པོ་ཆུང་ཤོས་ཡིན་པ་དང་། སློབ་ཆུང་སྐབས་སྔོན་ལ་ང་ཚོའི་ཕ་ཡུལ་དུ་སློབ་གྲྭར་འགྲིམས་ནས་རྗེས་སུ་རྫོང་ལ་སྤོས་པས་སློབ་སྦྱོང་སྦྱངས་འབྲས་ཀྱང་རྗེས་ལུས་གྲས་ཡིན། སྐབས་དེར་དགེ་རྒན་གྱིས་དགའ་པོ་དེ་ཙམ་བྱེད་ཀྱི་མེད། རྫོང་གི་སློབ་གྲྭར་བསྐྱོད་པའི་ཉིན་དང་པོ་དེར་རྒན་ལགས་ཀྱིས་ང་རང་སྡོད་ས་མཇུག་ཤོས་དེར་བཞག་བྱུང་། ཐེངས་ཤིག ང་གཟུགས་ཆུང་དྲགས་ནས་ནག་པང་ཐོག་གི་ཡི་གེ་ཡག་པོ་མ་རིག་པས་རྐུབ་བཀྱག་ཐོག་འཛེགས་ནས་སློབ་ཚན་ཉན་པས་རྒན་ལགས་ཀྱིས་ཐོ་ཅོ་བྱེད་པར་མཐོང་ནས་ང་ལ་གཤེ་གཤེ་བཏང་བྱུང་། དེ་ནས་བཟུང་ངས་གཅིག་ནས་ནག་པང་གི་ཡི་གེ་གསལ་པོ་མི་མཐོང་ལ། གཉིས་ནས་དགེ་རྒན་གྱི་གསུང་ཡང་རྣར་འགྲོ་བ་ཞིག་མི་གོ །ངའི་སྦྱངས་འབྲས་སྔར་བས་ཇེ་སྡུག་ཏུ་ཕྱིན། དེ་དུས་ང་རང་ངའི་སྲུ་མོའི་ཁྱིམ་དུ་བསྡད་ཡོད་པས། རྟག་པར་རྒན་ལགས་ཀྱིས་ངའི་སྲུ་མོ་སློབ་གྲྭར་སྐད་བཏང་ནས་ང་རང་སྦྱོང་ཚན་འབྲི་གི་མི་འདུག་ཅེས་གནས་ཚུལ་ངོ་སྤྲོད་བྱས། ཡང་ཐེངས་ཤིག ང་ཚོའི་ཨང་རྩིས་དགེ་རྒན་བུ་ཞིག་ཡོད་པ་དེས་ང་དང་སློབ་གྲོགས་ཁ་ཤས་སྦྱོང་ཚན་ཁྱེར་ནས་བར་ཁྱམས་སུ་སྐད་བཏང་། སྦོམ་ལ་རིང་བའི་ལྕགས་དབྱུག་ཅིག་ཁྱེར་ནས་ངའི་ལག་པའི་ཐོག་གཞུས་པས། དེའི་ན་ཟུག་ད་ལྟ་བསམ་བློ་བཏང་ཡང་བཟོད་སྒོམ་བྱེད་མི་ཐུབ་པ་ཞིག་རེད། དགོང་མོ་སྲུ་མོའི་ནང་དུ་སླེབས་རྗེས་ངས་དོན་དེ་སྲུ་མོ་ལ་ཞུ་མ་ཕོད། ཞུས་ཀྱང་གཤེ་གཤེ་གཟེད་པ་ལས་གོ་ཅི། མར་ཉལ་སྐབས་སྲུ་མོའི་བུ་མོ་ངེད་གཉིས་མཉམ་དུ་ཉལ་བས། ང་རང་ཁ་ཕར་བསྐོར་ནས་སྐད་ཤུགས་ཆུང་ངུའི་ངང་ངུས་པ་ཡིན། ཕ་ཡུལ་དུ་ཡོད་པའི་ཕ་མ་དྲན་པའི་སྡུག་བསྔལ་དང་རྒན་ལགས་ཀྱིས་གནས་ཚུལ་ངོ་མ་ཇི་ལྟར་ཡིན་མིན་མ་བརྟག་མ་དཔྱད་པར་རྒྱག་རྡུང་བྱས་པའི་སྐྱོ་སྣང་དེ་ཆུང་དུས་ཀྱི་ངས་ཇི་ལྟར་བཟོད་སྒོམ་བྱེད་ཐུབ་ཨང་།

དེར་བརྟེན། ངའི་མཛེས་སྡུག་ལྡན་པའི་དྲན་གསོ་མཐའ་དག་སློབ་འབྲིང་ལ་ཡོད་པས། གལ་སྲིད་ང་རང་དགེ་རྒན་ཞིག་བྱེད་ན་སློབ་འབྲིང་གི་ས་ཁམས་དགེ་རྒན་ལྟ་བུའི་ས་ཁམས་དགེ་རྒན་ཞིག་བྱེད་རྒྱུ་ཡིན། །

འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༨(༡༤)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明