འགྲོ་བ་མིའི་རིགས་ཀྱི་སྤྱན་ལམ་དུ། ཆུ་ཕྲན་ངས་རང་དབང་མེད་པར་ཁྱེད་ཚོར་ཞུ་རྒྱུར་ཐལ་སོང་ཡང་། གོ་ལ་ཧྲིལ་པོ་འདིར་གནས་པའི་རི་ཀླུང་ཐམས་ཅད་ནི་ངའི་ཕ་ས་ཡིན་ལ། རི་ཤུར་དང་འདམ་རྫབ། སྤང་ཐང་གཤོང་ས་ཡང་ངའི་ཕ་ས་ཡིན། དབྱར་གསུམ་གྱི་ཆར་ཆུས་ང་རང་ཆེར་བསྐྱངས་ཤིང་། སྔོན་མེད་ཀྱི་ལང་ཚོ་གསར་པ་རྒྱས་སུ་བཅུག་ལ། ཆུ་ཐིགས་ཀྱིས་ཟེགས་མ་མང་པོས་ངའི་ལུས་ལ་ཚེ་སྲོག་གསར་པ་སྦྱིན། དགུན་གསུམ་གྱིས་གྲང་རླུང་ངར་མའི་མནར་གཅོད་ཀྱིས་ངའི་ལུས་ཟུངས་ལ་རྨ་ཁ་མང་དུ་བཟོས་མོད། འོན་ཀྱང་ངས་གྲང་ངར་གྱི་གཤེད་མ་འདུལ་མཁན་གྱི་འོད་ཟེར་གཡར་པོ་ཞུས་ནས་དཔངས་མཐོ་ལ་གཡང་གཟར་ཆེ་བའི་བྲག་རི་དང་སྔོ་ལྗང་ནགས་ཚལ་ཚང་ཚིང་དཀྲིགས་པའི་རི་འདབས་ཀྱི་སྲུབས་ཀ་བརྒྱུད་ནས་དལ་བ་དལ་བུར་བཞུར།
ངའི་ཕུགས་བསམ་དང་སྙིང་སྟོབས་ལ་ཉམས་པ་མེད་ལ་བཞུར་རྒྱུན་ནི་དེ་བས་ཆད་མ་ཡོང་། དབྱར་དགུན་སྟོན་དཔྱིད་དང་ཉིན་མཚན་དབྱེར་མེད་ཀྱིས་བླ་ན་མེད་པའི་ལེགས་སྐྱེས་དང་། བརྟན་ཅིང་ལྷིང་བའི་དམ་བཅའ། རྣམ་པར་དཀར་བའི་ལྷག་བསམ། ཟབ་ཅིང་ལྷད་མེད་ཀྱི་བརྩེ་སེམས། གཡོ་མེད་སྲ་བརྟན་གྱི་བརྩོན་འགྲུས། དྭངས་ཤིང་དྲི་མེད་ཀྱི་གཤིས་རྒྱུད་དང་ཕན་ནུས། དཔའ་ཞིང་ཁེངས་རློམ་མེད་པའི་སྙིང་སྟོབས་བཅངས་ནས་དངངས་སྐྲག་དང་ཐེ་ཚོམ་མེད་པར་གཡང་གཟར་གྱི་བྲག་རི་ལས་མཆོངས་ཤིང་། སུན་སྣང་དང་ངལ་དུབ་མེད་པར་གྲོག་རོང་གི་རི་ཤུར་གྲངས་མེད་འགྲིམས་ནས། སྤང་ལྗོངས་ཀྱི་རྩྭ་ཐང་སྟེང་དུ་ཚ་གདུང་གི་གཟི་བའི་སྐྱེ་དངོས་དང་སྲོག་ཆགས་ཀྱི་སྐོམ་པ་སེལ་ཐུབ་ན་ཅི་མ་རུང་སྙམ་པའི་ལྷག་བསམ་གྱི་དམ་བཅའ་དང་སྐུལ་སློང་ཞིག་འཁྱེར། ཆུ་ཕྲན་ངས་བསམ་སྤྱོད་ཀྱི་ང་རྒྱལ་སྤངས་ཏེ་ལང་ཚོ་ཡི་གླུ་དབྱངས་གྱེར་བཞིན་རང་བྱུང་ཁམས་ལ་དགའ་བདེའི་སྤྲོ་བ་སྦྱིན།
ཆུ་ཕྲན་ངས་འགྲིམས་པའི་རི་ཀླུང་གང་སར་འདབ་ཆགས་ཀྱིས་གླུ་དབྱངས་བླངས། སྐྱེ་དངོས་རྩྭ་རྩི་ཤིང་དང་སྤང་ལྗོངས་ཡོད་དོ་ཅོག་གིས་མགོ་ལྕོག་ལྡེམ། བུང་བ་དང་ཕྱེ་ལེབ་སྒེག་མོས་གཤོག་པ་བརྡེབ་ཅིང་ཞབས་བྲོ་འཁྲབ། ཤྭ་ཕྲུག་དང་གླ་བ་གཙོད་སོགས་ཀྱིས་བང་རྩལ་འགྲན་ཅིང་སེམས་གཏིང་ནས་ཆུ་ཕྲན་ང་ལ་ཐུགས་རྗེའི་བཀའ་དྲིན་ཞུས། ང་ལ་དགའ་སྤྲོའི་སྣང་བ་སྟེར་མོད། ཆུ་ཕྲན་ང་ཡིས་དུས་ཀྱི་བསྐལ་བརྒྱར་མིའི་རིགས་ཀྱི་འཚོ་གནས་ཆེད་ནམ་ཡང་ངན་སེམས་མེད་ལ། སྤོབས་པ་ཡང་དེ་བས་མེད་པར་ཆུ་ཕྲན་ངའི་ལུས་ཟུངས་ཀྱི་རེ་བ་ཐམས་ཅད་གོ་ལ་འདི་ཡི་ཚེ་སྲོག་གི་བདག་པོ་དང་། རང་བྱུང་སྐྱེ་དངོས་གང་སྤྱིར་ལེགས་སྐྱེས་སུ་འབུལ་རྒྱུ་ནི་ཆུ་ཕྲན་ང་ཡི་ཚད་མཐོའི་གཟི་བརྗིད་ཞིག་དང་ཆུ་ཕྲན་ང་ཡི་ལྷད་མེད་ཀྱི་དགེ་མཚན་ཞིག་ཀྱང་ཡིན་ནོ། །