དེ་རིང་གི་ཉི་འོད་ཆེམ་ཆེམ་དུ་འཕྲོ་བཞིན་འདུག ང་རང་ད་ལྟ་སློབ་གྲྭའི་ནང་ཡོད་ཚེ་ཕལ་ཆེར་མགོ་བོ་སྒུར་ཏེ་མ་ཤེས་པའི་དྲི་གཞི་དེ་དག་ལ་མགོ་འཁོར་ནས་བསྡད་ཡོད་པ་ལས་ཉི་འོད་ལ་དོ་སྣང་བྱེད་ག་ལ་སྲིད། སང་ཉིན་གཟའ་ཉི་མ་ཡིན་པས་ང་དང་ངའི་རོགས་པ་གཉིས་སྔར་བཞིན་སློབ་གྲྭའི་ཟུར་གྱི་གྲང་ཐུག་ཟ་ཁང་ནང་འགྲོ་སྲིད། དེ་ནི་ཐོན་མ་ཐག་པའི་སློབ་གྲྭའི་འཚོ་བ་རེད། ད་ལྟའི་ངོས་ནས་བཤད་ན། སང་ཉིན་གཟའ་ཉི་མ་ཡིན་ཡང་ང་རང་ཟ་ཁང་ནང་ལས་ཀར་འགྲོ་དགོས། དེ་རིང་ཡང་ང་རང་གཅིག་པུར་ཟ་ཁང་གི་མགྲོན་པོར་ཞབས་ཞུ་བྱེད་བཞིན་ཡོད།
སློབ་གྲྭར་ཡོད་དུས་ང་ཚོས“གཞི་ནས་སློབ་ཚན་གྲོལ་སོང” “གཞི་ནས་ངལ་གསོ་རེད” “གཞི་ནས་སློབ་གྲྭ་ཐོན་སོང”ཟེར། ཕལ་ཆེར་དུས་སྐབས་དེ་ལས་ཐར་གང་ཐུབ་བྱེད་བཞིན་པ་དང་འདྲ། ད་ཆ་ང་ཚོ་རང་ཉིད་ཀྱི་ཕ་ས་ཕ་ཡུལ་ལ་སླེབས་དུས་བྱིས་དྲན་ཡུལ་དྲན་གྱིས་སློབ་གྲྭའི་ནང་གི་འཚོ་བར་རྗེས་དྲན་བྱེད་བཞིན་ཡོད། ངས་ཉིན་ལྟར་ཁ་པར་ནང་ནས་སློབ་མ་མང་པོས་སློབ་གྲྭའི་ནང་གི་མཛེས་སྡུག་རྗེས་དྲན་དག་སྐད་འཕྲིན་དང་ཁྱུག་དབྱིངས་སྟེང་བརྒྱུད་བསྐུར་བྱེད་པ་ལས། ཕ་ཡུལ་གྱི་ཡུལ་ལྗོངས་མཛེས་པོ་དང་གནས་ཚུལ་གསར་པ་སྤེལ་མཁན་ཧ་ལམ་མི་མཐོང་བས། ད་ལྟ་ཚང་མ་འདས་ཟིན་པའི་ལོ་ཟླའི་ནང་བསྡད་ཡོད་པ་བཤད་མི་དགོས་པ་རེད། ངའི་ངོས་ན་བརྗོད་ན་ཡང་དཀའ་ངལ་དང་སྡུག་བསྔལ་མང་ཤོས་སློབ་གྲྭའི་ནང་ཡིན་ལ་དགའ་སྣང་མང་ཤོས་དང་སྤྲོ་སྣང་མང་ཤོས་ཀྱང་སློབ་གྲྭའི་ནང་ཡིན།
དེ་སྔོན་ངས་སློབ་ཐོན་གྱི་དུས་དེ་སྒུག་ནས་བསྡད་ཡོད། སྐབས་དེ་དུས་ངས་སློབ་གྲྭ་ཐོན་རྗེས་ཀྱི་འཆར་གཞི་སྐྱིད་པོ་ཞིག་བཟོས་པ་ཡིན། ད་ཆ་འཆར་གཞི་དེ་ཕར་ཞོག་ཉིན་ལྟར་ཚར་རྒྱུ་མེད་པའི་ལས་ཀ་བྱེད་དགོས་པ་མ་ཟད་མི་གཞན་གྱི་ངོ་གདོང་ལ་བལྟས་ནས་ལས་ཀ་བྱེད་དགོས། གཞན་གྱིས་བཤད་པའི་སྐད་ཆར་ཞེན་པ་ལོག་ཀྱང་ད་དུང་འཛུམ་གྱིས་དེ་དག་ལ་ཁ་ཡ་བྱེད་དགོས། ལྐོག་འགྱུར་གྱི་ལོ་ཚོད་ནང་དུ་ལང་ཚོ་ཞེས་པའི་ཡི་གེ་འདི་དེ་འདྲའི་རབ་རིབ་ཅིག་རེད་ཨང་། ང་ཚོས་མགོ་བོ་སྒུར་ནས་ཕུགས་བསམ་གྱི་ཆེད་དུ་འབད་བརྩོན་བྱེད་པའི་ཉིན་དེ་དག་དང་། ཕན་ཚུན་བྲལ་མི་ཕོད་པའི་བརྩེ་སེམས་དེ་དག་འཁུར་ནས་རིམ་བཞིན་མ་འོངས་པའི་ལམ་ལ་ཁ་ཕྱོགས་དུས། ལང་ཚོ་ནི་དེ་འདྲའི་མཛེས་སྡུག་ལྡན་པ་ཞིག་རེད་ཨང་། ང་ཚོས་དུས་ཚོད་ཀྱི་རྗེས་ལ་འགྲོ་བཞིན་ལམ་བར་དུ་མེ་ཏོག་གི་མཛེས་པ་ལ་མྱོང་རོལ་བྱེད། ང་ཚོས་མིག་ཡར་བལྟས་ནས་ངོ་མཚར་ཆེ་བའི་འཇིག་རྟེན་འདིར་ལྟ་ཞིབ་བྱེད། དྭངས་པའི་གནམ་སྔོན་བསུ་བ་ནི་མ་འོངས་པའི་མཛེས་སྡུག་གི་འཚོ་བར་བསུ་བ་བྱེད་བཞིན་པ་དང་འདྲ།
དྲ་ཐོག་ཏུ་སྐད་ཆ་འདི་འདྲ་ཞིག་འདུག “ལང་ཚོ་ནི་དུས་སྐབས་ཤིག་མ་ཡིན་པར་མི་འགའ་ཞིག་ཡིན” རེད་ཨང་། ལང་ཚོ་ནི་མི་འགའ་ཞིག་ཡིན། མི་འགའ་ཞིག་དང་ལྷན་དུ་དབྱར་དགུན་སྟོན་དཔྱིད་གྲངས་མང་སྐྱེལ་བ་མ་ཟད། མི་འགའ་ཞིག་དང་ལྷན་དུ་དཀའ་ངལ་ཁྱད་བསད་བྱེད་ལ་དགའ་སྤྲོ་ཡང་མཉམ་དུ་མྱོང་རོལ་བྱེད། གལ་ཏེ་མི་འགའ་ཞིག་དེ་དག་མེད་ཚེ་རང་ཉིད་གཅིག་པོས་མཛེས་སྡུག་ལྡན་པའི་ལང་ཚོ་འདིར་མྱོང་རོལ་བྱེད་མི་ཐུབ་ལ་ལང་ཚོའི་རྗེས་དྲན་མང་པོ་ཞིག་ཀྱང་ཡོད་མི་སྲིད། ངས་ཧ་ཅང་མཛེས་སྡུག་ལྡན་པའི་ཚིག་གང་ཞིག་སྤྱད་ཀྱང་ལང་ཚོ་ཡི་ཚབ་མཚོན་བྱེད་ཐབས་བྲལ། ཕམ་ཁ་ཐེངས་དང་པོ་དེས་ང་ཚོའི་ཡིད་ཆེས་སྔར་བས་བརྟན་དུ་ཕྱིན་ཡོད། གོམ་པ་རེ་རེ་བཞིན་སྤོས་ནས་ང་ཚོས་ལམ་ཆེན་ཐོག་འབད་བརྩོན་གྱི་རྔུལ་ཆུ་བཞག་ཡོད།
མདོར་ན་ལང་ཚོ་ནི་མཛེས་སྡུག་ལྡན་པའི་དུས་ཚོད་ཅིག་ཡིན། དུས་རིམ་དེའི་ནང་དུ་ང་ཚོས་དཔའ་ངར་ཆེན་པོས་རང་ཉིད་ཀྱི་ཕུགས་བསམ་འཚོལ་སྙེག་དང་བྱ་དངོས་གསར་པར་ཚོད་ལྟ། དཀའ་ངལ་དང་བར་ཆད་ལ་ཁྱད་བསད་བྱས། རིམ་བཞིན་མི་དང་མིའི་བར་གྱི་དྭངས་གཙང་གི་བརྩེ་སེམས་དེ་ལ་དེ་བས་གཅེས་འཛིན་བྱས། ང་ཚོས་ལང་ཚོ་ལ་ཕྱིར་མིག་བལྟས་ཚེ་ད་གཟོད་འགྱོད་པ་མེད་པར“ང་ལ་སྔོན་ཆད་མཛེས་སྡུག་ལྡན་པའི་ལང་ཚོ་ཞིག་ཡོད་མྱོང”ཞེས་བཤད་ཕོད་པའི་སྤོབས་པ་ཡོད། ངའི་ངོས་ནས་བརྗོད་ན་ཡང་མཐོ་གསུམ་འཛིན་གྲྭ་བརྒྱད་པའི་དྲོ་སྐྱིད་ལྡན་པའི་འཚོ་བ་དེ་དུས་ནམ་ཡང་བརྗེད་མི་སྲིད། དེ་ནི་ངའི་ལང་ཚོའི་ནང་གི་ཆེས་མཛེས་སྡུག་ལྡན་པའི་རྗེས་དྲན་ཞིག་ཏུ་འགྱུར་སྲིད་པ་བཤད་མི་དགོས་པ་ཞིག་རེད། །
ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།
ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།