西藏青年报藏文版གལ་ཆེའི་གསར་འགྱུར། 2025ལོར་ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་མི་རིགས་མཐུན་སྒྲིལ་ལག་ལེན་གནས་གཞིར་དངོས་སུ་འགོ་ཚུགས་པ། རྩྭ་མདའ་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟླ་བའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ། བོད་ཀྱི“ཞིང་གསུམ”གྱི་ལོ་ངོ་60ཡི་འཕོ་འགྱུར་ཆེན་པོའི་གྲུབ་འབྲས་ཡོངས་བསྒྲགས་བྱས་པ།

放大 缩小 默认

2025ལོར་ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་མི་རིགས་མཐུན་སྒྲིལ་ལག་ལེན་གནས་གཞིར་དངོས་སུ་འགོ་ཚུགས་པ།

འདི་ནི་2025ལོར་ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་མི་རིགས་མཐུན་སྒྲིལ་ལག་ལེན་རྟེན་གཞིའི་བྱེད་སྒོའི་ཡུལ་དངོས་ཀྱི་རྣམ་པ་ཡིན།

ཟླ་9ཚེས་23ཉིན“མི་རིགས་མཐུན་སྒྲིལ་གྱི་གཞས་གདངས་གསར་པ་འབྲི་བ། ཀྲུང་ཧྭ་ལྟེ་མཐུན་སྒོར་དབྱིབས་མཉམ་དུ་འབྲི་བའི”2025ལོའི་ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་མི་རིགས་མཐུན་སྒྲིལ་ལག་ལེན་གནས་གཞི་ལྷ་སར་དངོས་སུ་འགོ་ཚུགས་པ་རེད། ད་ཐེངས་ཀྱི་བྱེད་སྒོ་ནི་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱས་པ་དང་བོད་ལྗོངས་གཞོན་ནུ་ལོ་ཆུང་གི་ལག་ལེན་སློབ་གསོའི་རྟེན་གཞིས་སྒྲུབ་འགན་འཁུར་ཞིང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་(ས་ཁུལ)བདུན་ནས་ཡོང་བའི་རྒྱ་རིགས་དང་བོད་རིགས། ཧུའེ་རིགས། ལྷོ་པ་རིགས་སོགས་མི་རིགས་ཀྱི་གཞོན་ནུ་ལོ་ཆུང་35བྱེད་སྒོར་ཞུགས་ཡོད།

བྱེད་སྒོའི་འགོ་ཚུགས་མཛད་སྒོའི་ཐོག་ལྷ་ས་ཚོད་ལྟའི་སློབ་འབྲིང་ནས་ཡོང་བའི་འཕྲིན་ལས་ཆོས་འཛོམས་ཀྱིས་ད་ཐེངས་བྱེད་སྒོའི་འཐུས་མི་ཡི་ཚབ་བྱས་ནས་གཏམ་བཤད་གནང་བ་དང་། ཁོང་གིས“ང་ཚོའི་རྐང་འོག་གི་ས་ཆ་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་སྲུང་སྐྱོབ་བྱེད་པའི་ཁྱིམ་གཞིས་ཡིན་པ་དང་། ང་ཚོའི་མགོ་ཐོག་གི་མཁའ་དབྱིངས་ནི་ཀྲུང་ཧྭ་བུ་ཕྲུག་ཐུན་མོང་གི་འོད་ཟེར་ལྡན་པ་ཞིག་རེད”ཅེས་འགོ་བརྩམས་ནས་སློབ་གྲོགས་ཚོར་བྱེད་སྒོ་དང་རྗེས་ཕྱོགས་ཀྱི་སློབ་སྦྱོང་། འཚོ་བའི་ཁྲོད་དུ་སེ་འབྲུའི་རྡོག་དང་འདྲ་བར་དམ་པོར་འཐམ་ནས་ཀྲུང་ཧྭ་རིག་གནས་ཀྱི་“རྒྱུན་འཛིན་བྱེད་མཁན”དང་། མི་རིགས་མཐུན་སྒྲིལ་གྱི་“ལག་ལེན་བསྟར་མཁན”རྒྱལ་ཁབ་སྟོབས་ལྡན་གྱི་ཕུགས་འདུན་“འབད་བརྩོན་བྱེད་མཁན”བཅས་བྱེད་དགོས་པའི་རེ་འབོད་བྱས་པ་རེད།

པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་རུ་ཁག་སྣེ་ཁྲིད་དགེ་རྒན་པའེ་ཞུའེ་ཧན་གྱིས“ལག་ལེན་གནས་གཞིའི་བྱེད་སྒོའི་ནང་དོན་བཀོད་སྒྲིག་ཕུན་སུམ་ཚོགས་ལ་ལུགས་མཐུན་ཡིན་པས་ངོ་མཚར་ཆེ་བའི་ཁ་ལག་ཡག་པོ་ཐེངས་གཅིག་དང་འདྲ་སྟེ། བྲོ་བ་ཞིམ་པའི་ཚལ་རིགས་སྣ་ཚོགས་ཚང་མས་བྲོ་བ་མྱོང་བར་སྒུག་ཡོད། དེ་ནི་གཞོན་ནུ་ལོ་ཆུང་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་ཤིག་ཡིན་པ་མ་ཟད་འཚར་ལོངས་ཡོང་བའི་འགྲན་སློང་ཞིག་དང་སེམས་ཀྱི་ཁྲུས་ཤིག་ཀྱང་ཡིན། སློབ་མ་རྣམས་ཀྱིས་བྱེད་སྒོ་འདིའི་ལོངས་སྤྱོད་གང་ལེགས་བྱས་ཏེ་རྩེད་མོའི་ཐོག་ནས་སློབ་སྦྱོང་བྱེད་པ་དང་། སློབ་སྦྱོང་ཁྲོད་ནས་སྤྲོ་སྣང་སྐྱེས་པ། མི་རིགས་མཐུན་སྒྲིལ་གྱི་ས་བོན་སེམས་སུ་རྩ་བ་ཚུགས་པར་རེ་བ་ཡོད”ཅེས་བཤད།

ལྷོ་ཁ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གསུམ་པའི་ལོ་རིམ་གཉིས་པའི་འཛིན་གྲྭ་ལྔ་པའི་ཉི་མ་དོན་གྲུབ་ཀྱིས་“ངས་ད་ཐེངས་ཀྱི་བྱེད་སྒོར་ཞུགས་པའི་གོ་སྐབས་ལ་ཧ་ཅང་གཅེས་སྤྲས་བྱེད་ཀྱི་ཡོད། མི་རིགས་མཐུན་སྒྲིལ་ནི་འབོད་ཚིག་སྟོང་པ་ཞིག་མ་ཡིན་པར་དངོས་སུ་བསྒྲུབ་དགོས་པའི་བྱ་བ་ཞིག་ཡིན། གཤམ་གྱི་བྱེད་སྒོའི་ཁྲོད་ངས་བློ་རྩེ་གཅིག་སྒྲིམ་གྱིས་སློབ་གྲོགས་རེ་རེ་དང་གྲོགས་པོ་སྒྲིག་རྒྱུ་ཡིན། ད་ཐེངས་ཀྱི་ལག་ལེན་བརྒྱུད་ནས་ངས་ཤེས་བྱ་མང་པོ་ཤེས་ཐུབ་པ་མ་ཟད་མཛའ་གྲོགས་རྩ་ཆེན་ཡང་ཐོབ་ཐུབ་པར་ང་ལ་ཡིད་ཆེས་ཡོད”ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོར“རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བཏིང་བ་དང་། ལག་ལེན་གྱི་ནུས་པ། བརྩེ་དུང་མཉམ་འབྲེལ”བཅས་ཀྱིས་ཁྲག་རྩ་འབྲེལ་གཏུག་བྱས་ནས། བཤམས་མཛོད་ཁང་དུ་མི་རིགས་ཁག་གི་འགྲོ་འོང་སྤེལ་རེས་མཉམ་འདྲེས་ཀྱི་རིག་དངོས་བདེན་དཔང་བྱས་ནས་ལོ་རྒྱུས་ཀྱི་འཕར་རྩ་དང་མཉམ་དུ་རེག་པ། རིགས་གཅིག་མཁས་ཅན་གྱི་འཆད་ཁྲིད་ཁྲོད“བོད་ཀྱི་ས་གནས་དང་མེས་རྒྱལ་བར་གྱི་འབྲེལ་བའི་ལོ་རྒྱུས”རྩ་ཆེན། བར་སྐོར་ཁྲོམ་གཞུང་གི་འཚོ་བའི་ཁྲོད“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་”གི་དྲོ་སྐྱིད་མྱོང་ཚོར་ཐུབ་པ། དངོས་ལྗོངས་ཟློས་གར་ཆེ་གྲས་《འུན་ཤིང་ཀོང་ཇོར་》ལྟ་བའི་ཁྲོད་དུ“མི་རིགས་ཁག་གིས་ཐུན་མོང་ཐོག་རྒྱ་ཆེ་བའི་མངའ་ཁོངས་གསར་འབྱེད་བྱེད་པའི”བརྗིད་ཉམས་ལྡན་པའི་བརྩེ་སེམས་མྱོང་ཚོར་བྱས་ཤིང་། དེ་དང་ཆབས་ཅིག་བྱེད་སྒོའི་ནང་ད་དུང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཉམས་ལེན་བྱེད་པ་སོགས་ཀྱི་ནང་དོན་རབ་དང་རིམ་པ་བཀོད་སྒྲིག་བྱས་ནས་མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་དབར་གྱི་འགྲོ་འོང་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་སྔར་བས་བརྟན་དུ་གཏོང་རྒྱུ་རེད།

གོམ་སྟབས་རྗེས་མར་བོད་ལྗོངས་གཞོན་ནུ་ལོ་ཆུང་སློབ་གསོའི་ལག་ལེན་རྟེན་གཞིས་“སེ་འབྲུའི་ས་བོན་འཆར་གཞི”མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ། “དཔྱིད་ཆར་གྱིས་དངོས་པོ་ཡོད་ཚད་སྐད་སྒྲ་མེད་པའི་ངང་ནས་གསོ་སྐྱོང་བྱས་པའི་”བྱ་ཐབས་ཐོག་ནས་མི་རིགས་མཐུན་སྒྲིལ་སློབ་གསོ་རྒྱུན་ལྡན་ཅན་དང་འཚོ་བ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་པའི་གཞོན་ནུ་ལོ་ཆུང་གིས་ལང་ཚོའི་སྨྱུ་གུ་ཐོག་ནས“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་གི”ལེ་ཚན་གསོན་ཉམས་ལྡན་པ་འབྲི་རྒྱུར་སྐུལ་མ་གཏོང་རྒྱུ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་མཛེས་སྡུག་ལྡན་པའི་བསམ་མཐུན་སྒོར་དབྱིབས་ཐུན་མོང་ཐོག་འབྲི་རྒྱུ་ཡིན་པ་རེད།

ཚེ་རིང་ཐར་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明