“ཨ་མ”ཞེས་པའི་ཡིག་འབྲུ་གཉིས་པོ་ནི་ཧ་ཅང་གི་རླབས་ཆེན་ཞིག་ཡིན། ཨ་མ་ཡི་བརྩེ་བ་ནི་སུས་ཀྱང་སྤྲད་མི་ཐུབ་པའི་བརྩེ་བ་ཞིག་ཡིན། ཨ་མའི་བརྩེ་བ་ནི་ཟས་ཀྱི་བགོ་སྟངས་ལས་ཤེས་ཏེ། དཔེ་ཆ་བཞག་ན་ཟ་མ་ཞིམ་པོ་ཞིག་ཟ་རྒྱུ་ཡོད་ན། ཡག་པ་དེ་ཚོ་ཨ་མའི་ཁྱེམ་བུས་ཆ་ཚང་ཕྲུ་གུའི་ཕོར་པར་བླུགས་པ་ལས་རང་གི་ལྟོ་ཕོར་དུ་བླུགས་མི་སྲིད་པ་ལྟ་བུ་རེད།
ངའི་ཨ་མ་ནི་ཐུན་མོང་མ་ཡིན་པའི་མི་ཁྱད་པར་བ་དེ་འདྲ་གང་ཡང་མ་ཡིན། འོན་ཀྱང་ཁོང་གིས་རྒྱུན་དུ་ང་ཚོར་འཇམ་རྩུབ་མི་འདྲ་བའི་སྒོ་ནས་བྱམས་པོ་བྱེད་ལུགས་སྣ་ཚོགས་གནང་བཞིན་ཡོད།
སློབ་གྲྭ་ངལ་གསོ་བཞག་པ་དང་། ཨ་ཕ་ང་བསུ་རུ་སླེབས་འདུག ཁོང་གིས་ང་གྲོད་ཁོག་ལྟོགས་པར་བསམས་དེ་ནང་ལ་མ་འབྱོར་གོང་ལ་ལམ་བར་གྱི་ཇ་ཁང་ཞིག་གི་ནང་དུ་ཁྲིད། ངས་ཨ་ཕར“ངེད་གཉིས་ནང་ལ་ལོག་འགྲོ། ནང་ལ་ཨ་མས་ཁ་ལག་བཟོས་ནས་སྒུག་ཡོད་ངེས་རེད”ཅེས་བཤད་པས། ཨ་ཕས་ང་ལ“སྐྱོན་མེད། ངེད་གཉིས་ལྟོ་ཞིག་ཟོས་ནས་ནང་ལ་ལོག་འགྲོ་དང་ཏག་ཏག་རེད”ཅེས་གསུངས། ཟ་ཁང་དུ་སྐར་སུམ་ཅུ་ཙམ་འགོར་བ་དང་། དེའི་རིང་ངས་སྐད་ཆ་གང་ཡང་མ་བཤད། དེ་ནས་ནང་ལ་སླེབས་རྗེས། ངའི་ཨ་མས་ཞལ་འཛུམ་འཛུམ་གྱིས་ཤ་མོག་ཕོར་པ་གང་བླུགས་ནས“ཟོ་དང་། ཡུན་རིང་ཤ་མོག་ཟ་རྒྱུ་མ་རག་པས་ཞིམ་པོ་ཡོད་ངེས་རེད”ཟེར། ང་དེ་དུས་གྲོད་པ་ཤིན་ཏུ་འགྲངས་པས་ངས་ཨ་མར། “ང་ད་ལྟ་བཟའ་མ་ཟས་ཟིན་པ་ཡིན།”ཅེས་སྐད་དམའ་མོས་ཤོད་བཞིན་ག་ལེར་ཨ་མའི་གདོང་གི་རྣམ་འགྱུར་ལ་བལྟས་པས། ཨ་མའི་གདོང་ལས་སེམས་ཕམ་སྐྱེ་བཞིན་པའི་རྣམ་པ་ཞིག་མངོན། ཚུལ་དེ་མཐོང་བ་ན་ངས་སེམས་གསོའི་ཚུལ་དུ་ཨ་མའི་ཕྱག་ནས་ཕོར་པ་དེ་བླངས་ཏེ་ཁམ་འགའ་ཤས་ཟས་བྱས་པས་ཨ་མའི་སེམས་པ་ཡང་ཅུང་ཟད་ལྷོད་ལ་བབས་ཡོད་ངེས།
ངའི་ཨ་མ་ནི་མི་དཀྱུས་མ་ཞིག་ཡིན་མོད། ཨ་མས་ང་ཚོར་ཅ་ལག་གང་ལེགས་པ་དེ་སེར་སྣ་མེད་པའི་ངང་ནས་ང་ཚོ་ལ་སྤྲོད་པ་དང་། ཕྲུ་གུའི་ཆེད་དུ་སྐུ་ལས་ག་ཚོད་བསྐྱོན་དགོས་བྱུང་ཡང་ལུས་སྣང་དང་ཆད་སྣང་ཏིལ་འབྲུ་ཙམ་མེད། ང་ཚོས་བཀའ་དྲིན་དེ་དག་ཚོར་འོས་མོད། ཕྲུ་གུ་འགའ་ཞིག་གིས་རང་གི་ཡུམ་ཆེན་ལ་ཚིག་རྩུབ་ཀྱིས་ཁ་ལན་སློག་གི་ཡོད། དེ་དག་མཐོང་སྐབས་སེམས་ནང་ལ་ཁོང་ཚོའི་ཀླད་པར་ཅི་ཞིག་བླུགས་ཡོད་དམ་སྙམ་ནས་ཐེ་ཚོམ་སྐྱེ་མྱོང་། ང་ལ་མཚོན་ན་ཨ་མ་ནི་རང་གི་ཡོད་ཚད་སྦྱིན་མཁན་གྱི་མི་དེ་ཡིན་པར་འདོད་པས། ཨ་མར་བཅངས་པའི་བརྩེ་བ་ནི་བརྗོད་ཀྱིས་མི་ལང་བ་ཞིག་ཡིན། ངས་རང་གི་དྲིན་ཆེན་ཨ་མ་ལགས་“དཀའ་ལས་ཁག་སོང”ཞེས་ཞུ་རྒྱུ་ཡིན་ནོ། །
འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༨(༦)
ཟུར་ཁྲིད་དགེ་རྒན། དགའ་བཟང་།