西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །དྲུག་ཅུ་ལོ་ཡི་བསྟོད་པ། ༄༅། །གཞན་ལ་བསམ་ཤེས་ཐུབ་མཁན་གྱི་མི་ཞིག་བྱ། ༄༅། །བདག་གི་ཨ་མ།

放大 缩小 默认

༄༅། །དྲུག་ཅུ་ལོ་ཡི་བསྟོད་པ།

□ 作者 ལྷག་པ་ནོར་བུ།

འདས་པའི་ཤུལ་མ་ཀྱག་ཀྱོག་ནས། །

གསར་བཞད་ལོ་ཟླའི་དྲོ་སྐྱིད་བསུས། །

རང་ཡུལ་དྲུག་ཅུའི་སྐྱིད་སྡུག་ལས། །

ང་ཡི་ད་ལྟའི་འཕོ་འགྱུར་གླེང་། །

ཞིང་བྲན་ཞྭ་གསུམ་ཕུད་ནས་བཟུང་། །

དམངས་གཙོ་ལས་འགུལ་རིམ་གྱིས་སྤེལ། །

དམངས་ཀྱི་ཚེ་སྲོག་རྒྱུ་ནོར་དག །

དམངས་ལ་དག་པའི་ལོ་རྒྱུས་བརྩམས། །

རླབས་ཆེན་གཙོ་འཛིན་འཕྲིན་ལས་ཀྱིས། །

ཞིང་བྲན་ཡར་ལངས་བཅིངས་བཀྲོལ་བཏང་། །

བསྒྱུར་བཅོས་སྒེ་དབྱེ་ལམ་སྟོན་མཛད། །

ཀྲུང་ཧྭ་ཐུན་མོང་འདུ་ཤེས་སྤེལ། །

ཏང་གི་ཐུགས་རྗེའི་བྱམས་བརྩེ་འདི། །

རྫོགས་མཐའ་མེད་པའི་ཉི་འོད་བཞིན། །

བོད་ཁམས་ཡོངས་ལ་རབ་འཕྲོས་པས། །

འབངས་རྣམས་སྐྱིད་ལ་བདེ་སྐྱིད་བཟང་། །

ཏང་གི་དགོངས་པ་གཅིག་སྡུད་ཀྱིས། །

བོད་སྐྱོང་འཕོ་འགྱུར་སྣ་མང་འདི། །

དྲུག་ཅུའི་ལམ་སྟོན་སྒྲོན་མེ་ཡིན། །

ཁ་ཕྱོགས་གསལ་བའི་དར་དམར་ཡིན། །

བཀས་བཀོད་ཞིང་བྲན་ལམ་བུའི་སྟེང་། །

མངའ་བདག་བཤུ་གཞོག་གདུག་རྩུབ་ཀྱིས། །

རང་སྲོག་དབང་བའི་རང་དབང་མེད། །

མི་ལུས་ཡིན་ཀྱང་ཟོག་བཞིན་རྡུང་། །

བཀས་བཀོད་ཞིང་བྲན་ལམ་བུའི་སྟེང་། །

འཚོ་བ་དབུལ་ལ་སྤྲང་པོ་བཞིན། །

རྟག་ཏུ་ཁྲལ་དང་འུ་ལག་རྒྱུགས། །

གཡོག་གི་སྡུག་བསྔལ་རི་རབ་འདྲ། །

དུས་གསར་དཔྱིད་དཔལ་བོད་དུ་བཞད། །

མུན་པའི་ཁོར་རར་སྤྲོ་སྣང་ཁེངས། །

རང་དབང་སྐྱིད་པའི་འཚོ་བ་ཞིག །

ལོངས་སྤྱོད་ཉི་འོད་རབ་ཏུ་མཚར། །

གངས་ཅན་ལྗོངས་ལ་ཤེས་དཔལ་དར། །

ཡུན་རིང་རྨོངས་པའི་བསམ་པ་བརྗེས། །

བུ་ཕྲུག་སློབ་འཇུག་དུས་བཟང་འཆར། །

ཚན་རྩལ་ལམ་ནས་ཕྱུག་འགྱུར་རྙེད། །

ལོ་ཟླའི་འཁྱགས་རོམ་དལ་གྱིས་བཞུར། །

མཛེས་པའི་མཐོ་སྒང་སྐྱེས་སྟོབས་རྒྱས། །

དུས་ཀྱི་འཕོ་འགྱུར་རི་མོའི་བརྙན། །

ངོ་མཚར་གསར་པའི་ལེ་ཚན་གཏོད། །

བོད་གསར་རང་སྐྱོང་མཛད་སྒོ་ལ། །

དྲུག་ཅུ་ལོ་ཡི་ཉག་མ་རེ། །

རླབས་ཆེན་བྱ་གཞག་སྟོང་གི་འབྲས། །

ས་མཐོའི་གྲོང་ན་ལྷག་པར་མཛེས། །

འགྱུར་མེད་ང་ཚོའི་སྙིང་སྟོབས་ཀྱིས། །

གནམ་སྔོན་འཕྲེད་གཅོད་བྱ་རྒོད་བཞིན། །

ཁྱིམ་གཞི་འདི་ཉིད་འགེབས་ཤིང་སྲུང་། །

མེས་རྒྱལ་པང་ནས་བུ་ཞིང་འཚར། །

ལོ་ངོ་དྲུག་ཅུའི་དྲན་འཆར་ངོས། །

བོད་འདི་རྨོངས་སད་གཉིད་ལས་ལོངས། །

རྔུལ་ཁྲག་སྟོང་གི་ལྷག་བསམ་དང་། །

རང་སྲོག་དོར་བའི་དེབ་ཐེར་བྲིས། །

ཞིང་བྲན་གདུག་རྩུབ་ལོ་ཟླ་དེ། །

རང་དབང་བྲལ་བ་མུན་པའི་གནས། །

ཀུན་གསལ་ཏང་གི་མཛད་དྲིན་ལས། །

བདེ་བའི་སྣང་བས་ཡོངས་སུ་སེལ། །

གཟིགས་དང་འཛམ་གླིང་གཙུག་གི་ནོར། །

མི་ནུབ་ཉི་མའི་མདངས་བཞིན་འཚེར། །

ཉམས་མེད་དུས་ཀྱི་མཚོན་རྟགས་ལ། །

བརྟན་བརླིང་རྒྱས་པའི་སྤྲོ་སེམས་ཚོར། །

ཡར་ཆབ་དར་འཁྱགས་བཞུར་རྒྱུན་ནི། །

ཟད་མཐའ་མེད་པའི་སྟོབས་ཤུགས་བཞིན། །

བོད་ཡུལ་ས་གཞི་བཅུད་ཀྱིས་སྐྱོང་། །

དེ་ལས་ལྷག་པ་མེས་རྒྱལ་སྲིད། །

ཟེར་བརྒྱ་རི་ནས་འཕྲོ་བའི་དུས། །

ན་གཞོན་བརྩོན་པ་རྒྱུན་མི་ཆད། །

བོད་གསར་སྐྲུན་པའི་ཐག་སྣེ་བཟུང་། །

རེ་བའི་གོམ་སྟོབས་ཡང་མོས་བསུས། །

རི་ཁུག་དབེན་པའི་གནས་ལམ་དུ། །

ང་ཚོས་ཤེས་རིག་ས་བོན་བཏབ། །

ཚན་རྩལ་གསོ་ཚགས་སྒོ་མོ་ཕྱེ། །

ལོ་ལེགས་ཡོང་བའི་ངོ་གདོང་བསུས། །

གྲོང་དང་གྲོང་གསེབ་བར་གྱི་ཁྲོད། །

ལྗོངས་རྒྱུའི་ལམ་ཐིག་དྲ་བའི་གནས། །

ཁང་བཟང་རི་དང་མཉམ་པར་བསྐྲུན། །

དེང་རབས་རྣམ་པའི་མཐོ་སྒང་མཛེས། །

སློབ་གསོའི་མཐུན་རྐྱེན་གཞན་དང་མཉམ། །

བྱིས་པའི་ཟས་གོས་སྡོད་གསུམ་བཟང་། །

ཤེས་རིག་ཡོ་ཆས་གང་དགོས་སྤུངས། །

ལྟ་བས་མི་ངོམས་སློབ་གནས་མཚར། །

ལས་རིགས་ཁག་གི་བྱ་གཞག་ལ། །

ཤེས་ལྡན་མི་སྣའི་ལམ་ལུགས་འདྲེན། །

དཔེ་ཀློག་སྒྲ་དབྱངས་རྒྱུན་མི་ཆད། །

རིག་རྩལ་རྦ་རླབས་ས་མཐོར་འཕྱོ། །

སྲོལ་རྒྱུན་རིག་པའི་རྒྱུད་འཛིན་མང་། །

དངོས་མིན་སྒྱུ་རྩལ་དོ་རར་ངོམས། །

གར་དང་ཐང་ག་བྲོ་སྲོལ་སོགས། །

ཀྲུང་ཧྭ་རིག་མཛོད་ཆེན་མོར་བརྒྱན། །

ཚན་རྩལ་འགྲན་སློང་གར་སྟེགས་ན། །

ང་ཚོའི་སྟོབས་དང་ཤེས་རབ་ཀྱིས། །

མཐོ་སྒང་འཛམ་གླིང་མཉམ་དུ་སྦྲེལ། །

སྡོམ་དྲ་དྲྭ་རྒྱའི་ཆ་འཕྲིན་ཁྱབ། །

མེས་རྒྱལ་ང་ཡི་ཡུམ་ཆེན་ལགས། །

ཁྱེད་ལ་བཅངས་པའི་བརྩེ་བ་ནི། །

རི་བོ་ཧི་མ་ལ་ལས་མཐོ། །

གནམ་མཚོ་ལས་ཀྱང་དྭངས་ཤིང་གཙང་། །

ང་ཚོས་ལང་ཚོའི་གླུ་སྒྲ་ལས། །

ལོ་ངོ་དྲུག་ཅུར་བསྟོད་ཅིང་བསུ། །

འདས་པའི་འགྲོ་ལམ་རེ་རེ་ནི། །

བོད་ལྗོངས་མངའ་ཐང་རྒྱས་པའི་སྟོབས། །

མི་རིགས་མཐུན་སྒྲིལ་ཁྱིམ་གཞི་རུ། །

སྤྲོ་བའི་ལག་གདང་མཉམ་དུ་སྦྲེལ། །

ཐུན་མོང་བདེ་སྐྱིད་སང་གི་ཉིན། །

ཞི་བདེའི་རོལ་དབྱངས་གནམ་སར་གྲགས། །

ངོ་མཚར་ལོ་རྒྱུས་མེ་ལོང་ངོས། །

ངོ་མཚར་བོད་ཀྱི་འཕོ་འགྱུར་འདི། །

ངོ་མཚར་དྲུག་ཅུའི་ཤུལ་ལམ་ནས། །

ངོ་མཚར་རྟགས་བརྒྱད་རྟེན་འབྲེལ་འགྲིག །

མ་འོངས་བོད་ཀྱི་འགྲོ་ལམ་ཡངས། །

ཐོག་མའི་བསམ་འདུན་མ་བརྗེད་བཟུང་། །

མེས་རྒྱལ་གླིང་དགུ་གཡུ་འབྲུག་ཁྱབ། །

མཐོ་སྒང་གཡུ་འབྲུག་གཙུག་གི་ནོར། །

གསེར་ཉ་རྐྱལ་རྩལ་ཆུ་མོའི་དྲིན། །

འབྲས་ལྡན་སྡོང་པོ་རྩ་བའི་དྲིན། །

བོད་གསར་སྐྱིད་པོ་ཏང་གི་དྲིན། །

ཏང་གི་དགོངས་པ་མི་ནུབ་དྲིན། །

ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་ཧའེ་ཁྲེང་སློབ་ཆུང་།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明