西藏青年报藏文版ཕྱོགས་བསྡུས། དམག་དམངས་མཐུན་སྒྲིལ་མེ་ཏོག་ས་མཐོར་རྣམ་པར་བཞད། རི་མོའི་བརྩམས་ཆོས་འགྲེམས་སྟོན་ལྷ་ས་རུ་སྤེལ་བ། གྲོ་མོ་རྫོང་གི་“ཚོན་མདོག་བདུན་གྱི་གུང་གསེང་”ཅེས་པའི་གཞོན་ནུའི་དམག་དཔུང་སློབ་གྲྭ་སྐབས་གཉིས་པ་མཇུག་འགྲིལ་བ། “རིག་གནས་རྒན་གསོ”ཁྱབ་གདལ་བཏང་ནས་རྒན་རྒོན་གྱི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ།

放大 缩小 默认

དམག་དམངས་མཐུན་སྒྲིལ་མེ་ཏོག་ས་མཐོར་རྣམ་པར་བཞད།

དབྱར་གཞུང་གི་ས་མཐོར་དྲོ་ཞིང་འཇམ་པའི་ཉི་འོད་རབ་ཏུ་འཕྲོས། “བརྒྱད་གཅིག”གི་སྔ་ནུབ་ཏུ་ས་བབ་སྨི་3600ལྷག་ཙམ་ཟིན་པའི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་དུ་འཁྲུག་ཆ་ཧ་ཅང་དོད་ཅིང་། ཡུལ་མི་ཚོས་ལུས་ལ་གཟབ་མཆོར་སྤྲས་ནས་བོད་ལྗོངས་ལྷོ་ཁ་དམག་ཁུལ་ཡན་ལག་ཁང་གི་མཐའ་སྲུང་ལེན་ཤོག་ཅིག་ཏུ་དཔོན་དམག་ཚོར་དུས་ཆེན་གྱི་འཚམས་འདྲི་ཞུ་བར་བསྐྱོད།

དེ་གོང་ཡུལ་སྨད་ལ“མི་གསུམ་ཤང”ཞེས་འབོད་ཀྱི་ཡོད། སངས་རྒྱས་ཆོས་འཕགས་དང་བུ་མོ་སྒྲོལ་དཀར་དང་གཡང་འཛོམས་ཀྱིས་ལོ་བཅུ་ཕྲག་ཁ་ཤས་རིང་འདི་གར་ཕྱུགས་འཚོ་བཞིན་མཐའ་མཚམས་སྲུང་བར་གཞོལ།

2001ལོར། ཡུལ་སྨད་དུ་གཞུང་ལམ་བསྐྲུན་པ་དང་ཡུན་རིང་མ་སོང་བར་མཐའ་སྲུང་ལེན་ཤོག་ཅིག་དེ་གར་བཅའ་སྡོད་བྱས། ལོ་20ལྷག་ཙམ་རིང་དམག་དམངས་ཀྱིས་ལག་གདང་སྦྲེལ་ནས་འབད་བརྩོན་ལྷོད་མེད་བྱས་པས་ས་ཆ་འདིར་སྐྱེ་སྟོབས་ཀྱི་དཔལ་འབར།

དབྱར་གསེང་ནི་ཡུལ་སྐོར་བ་མང་བའི་དུས་ཚིགས་ཤིག་ཡིན་པས་ཡུལ་སྨད་ཤང་གིས་ཀྱང་ཡུལ་སྐོར་བ་མང་པོ་བསུ་བཞིན་ཡོད་པ་དང་། ཡུལ་མི་བཀྲ་ཤིས་ཀྱིས་གཉེར་སྐྱོང་བྱེད་བཞིན་པའི་མགྲོན་ཁང་གི་ཚོང་ཧ་ཅང་ཡག་པོ་ཡོད། བཀྲ་ཤིས་ཀྱིས་གསར་འགོད་པར་ན་ནིང་མཐའ་སྲུང་ལེན་ཤོག་གིས་རོགས་སྐྱོར་བྱ་ཡུལ་ཁག་གཉིས་པའི་ནང་བཅུག་རྗེས་དཔོན་དམག་ཚོའི་རོགས་རམ་དང་མཛུབ་ཁྲིད་འོག རང་ཁྱིམ་གྱི་བོད་བཟོའི་ཁང་པ་དེ་ཁྱིམ་ཚང་མགྲོན་ཁང་དུ་བསྒྱུར་བ་ཡིན། ཡུལ་སྐོར་ཡོང་འབབ་ལས་འཚོ་བ་སྔར་བས་ཡག་ཏུ་ཕྱིན་སོང་ཞེས་དགའ་སྤྲོའི་ངང་བཤད།

2019ལོའི་ཚུན་དུ། ལེན་ཤོག་དེས་རིམ་རྩིས་བརྒྱབ་ན་ཁག་གཉིས་ལ་དུད་ཚང་10ཡི་ཡུལ་མིར་རོགས་སྐྱོར་བྱས་ཡོད། སྐལ་བཟང་ཚེ་རིང་གིས་གསར་འགོད་པར་ལེན་ཤོག་གིས་འཛིན་གྲྭ་གཅིག་དང་དུད་ཚང་གཅིག་ཟུང་འབྲེལ་གྱི་ཆ་སྒྲིག་རོགས་སྐྱོར་ལམ་སྲོལ་བཙུགས་ཏེ། རང་འགུལ་ངང་དཀའ་ངལ་སེལ་རོགས་བྱས་པ་མ་ཟད། ཐོན་ལས་རོགས་སྐྱོར་དང་། སློབ་སྐྱོར་གྱིས་སློབ་གསོ་འཕེལ་རྒྱས་གཏོང་བ། སྨན་བཅོས་རོགས་སྐྱོབ་བཅས་བྱས་ནས་ས་གནས་དེ་གའི་འཕེལ་རྒྱས་ལ་འཛད་མཐའ་མེད་པའི་སྒུལ་ཤུགས་བསྣན་ཡོད་ཅེས་བཤད།

གསར་འགོད་པས་ལེན་ཤོག་སྒོ་འགྲམ་གྱི་དམག་དམངས་མཉམ་སྐྲུན་གྱི་དྲིལ་བསྒྲགས་སྒྲོམ་སྟེགས་ཐོག་ནས་ལོ་འདི་དག་རིང་རོགས་སྐྱོར་ལས་དོན་ལ་ཐོབ་པའི་མངོན་གསལ་དོད་པོའི་གྲུབ་འབྲས་ཏེ། འགྱིག་ཤོག་དྲོད་ཁང་ཆེན་པོ་4བསྐྲུན་ནས་ཞིང་པར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་5000ལྷག་ཙམ་འཕར་བར་རོགས་རམ་བྱས་པ་དང་། རྒྱལ་སྲུང་སློབ་གསོའི་བར་ཁྱམས་རིང་པོ་བསྐྲུན་པ། “སྐར་དམར་སློབ་སྐྱོར་ཐེབས་རྩ”བཙུགས་ནས་ཕྲུ་གུ་40ལྷག་ཙམ་སློབ་གྲྭ་འགྲིམ་པའི་ཕུགས་འདུན་མངོན་འགྱུར་བྱས་པ། གྲོང་མིར་བཟའ་བཏུང་དང་ཞག་སྡོད་ཟུང་འབྲེལ་རྣམ་པའི་ཁྱིམ་ཚང་མགྲོན་ཁང་འཛུགས་རོགས་བྱས་པ། ལེན་ཤོག་རིམ་པའི་མ་བྱན་སྒྲིག་འཛུགས་བྱས་ནས་གྲོང་མིར་གཡོས་སྦྱོར་ལག་རྩལ་བསླབ་པ་སོགས་འབབ་འཕར་ཐབས་ལམ་མང་པོ་ཞིག་མཐོང་བྱུང་།

“དམག་དམངས་སེམས་པ་མཐུན། ཡུལ་སྨད་དར་རྒྱས་ཕྱིན” དམག་དམངས་ཀྱི་འབྲེལ་བའི་སྐོར་གླེང་སྐབས་ཡུལ་མི་ཚོའི་གདོང་ནས་བརྩེ་བ་ཟབ་མོ་མངོན། ལྷག་པར་དུ་བགྲེས་སོང་སྤེན་ཚེས“བུ་ཕྲུག་དམག་ནི་ནམ་ཡང་ང་ཚོའི་གཉེན་ཉེ་ཡིན”ཞེས་མྱོང་ཚོར་ཟབ་མོས་བཤད།

“ཕྱོགས་གཅིག་ཏུ་བཅའ་སྡོད་བྱས་ཚེ་ཕྱོགས་དེ་བདེ་འཇགས་ཡོང་བ་དང་ཕྱོགས་དེའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས” སྐལ་བཟང་ཚེ་རིང་གིས། ད་ལྟ་ཡུལ་སྨད་ཀྱི་ཡུལ་མི་རྣམས་ལ་དཀའ་ངལ་འཕྲད་སྐབས་ལམ་སེང་བཅིངས་འགྲོལ་དམག་མི་དྲན་གྱི་ཡོད། འདི་ལས་དམག་དམངས་ཀྱི་སེམས་པ་དམ་པོར་སྦྲེལ་བ་མཚོན་གྱི་ཡོད་ཅེས་སེམས་འགུལ་ཐེབས་བཞིན་དུ་བཤད།

ཡུལ་སྨད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་དོན་གྲུབ་ཀྱིས“ཁྱིམ་ནི་ཡུལ་སྨད་དང་རྒྱལ་ཁབ་ནི་ཀྲུང་གོ་ཡིན”ཞེས་པ་དེ་སྔ་ས་ནས་དམག་དམངས་ཀྱི་སེམས་ནང་དམ་པོར་ཟུག་ཡོད། ད་ཆ་གྲོང་ཚོའི་ཏང་ཀྲི་པུའི་ཏང་ཡོན་ཚང་མ་དམག་དཔུང་དང་ས་གནས་ཀྱི་སྐོར་ཞིབ་རུ་ཁག་ནང་བཅུག་པས་མི་རེས་ཟླ་རེར་ཉུང་མཐར་ཡང་མཐའ་མཚམས་སྐོར་གཡེང་ནང་ཐེངས་གསུམ་ཞུགས་ཀྱི་ཡོད། འདི་གར་ཡུལ་མི་ཚང་མ་ནི་སོ་དམག་དང་ཁྱིམ་ཚང་ཚང་མ་ནི་སོ་ལྟ་ཁང་རེད།

དེ་རྗེས་གསར་འགོད་པ་དམག་དཔུང་དང་ས་གནས་ཀྱི་སྐོར་ཞིབ་རུ་ཁག་དང་མཉམ་དུ་མཐའ་མཚམས་སྐོར་ཞིབ་ལམ་དུ་བསྐྱོད། ལམ་བར་གྱི་བྲག་རྡོའི་ཐོག་བྲིས་པའི་སྐར་ལྔའི་དར་དམར་དེ་ཧ་ཅང་བཀྲག་མདངས་འཚེར་བ་ཞིག་ཡོད། སྐོར་ཞིབ་རུ་མི་ཚོས་འགྲོ་མཚམས་བཞག་ནས་རྒྱལ་དར་དེར་ཕྱི་བདར་བརྒྱབ་པ་དང་། གངས་རི་དཀར་པོའི་འོག་བྲག་རྡོའི་ཐོག་གི་རྒྱལ་དར་སྔར་བས་མངོན་གསལ་དོད་པོར་གྱུར།

དེ་སྔའི“མི་གསུམ་ཤང”ནས“མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་ཤང”བར་ཡུལ་སྨད་དམག་དམངས་ཀྱིས་མཐའ་མཚམས་བརྟན་སྲུང་དང་མཐའ་དར་དམངས་ཕྱུག་གི་ལེའུ་གསར་པ་ཟམ་མི་ཆད་པར་རྩོམ་བཞིན་ཡོད་པ་དང་། དམག་དམངས་མཐུན་སྒྲིལ་མེ་ཏོག་ས་མཐོར་རྣམ་པར་བཞད།

དབང་སྒྲོན་སྐྱིད་ཀྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明