“ལོ་ལྔའི་འཆར་གཞི་བཅུ་བཞི་པ་”ནས་བཟུང་རང་ལྗོངས་ཀྱི་དམིགས་ཚད་ཁག་གི་ལེགས་གྲུབ་གནས་ཚུལ་སྔོན་དཔག་དང་མཐུན་པས་བོད་ཀྱི་ས་ཁུལ་ཐོན་སྐྱེད་སྤྱི་འབོར་2021ལོར་སྒོར་དུང་ཕྱུར་2000ལས་བརྒལ་བ་དང་། 2024ལོར་སྒོར་དུང་ཕྱུར་2765བར་འཕར་ནས་འཕར་ཚད་ལོ་མང་རིང་རྒྱུན་འཁྱོངས་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། 2024ལོའི་ལོ་མཇུག་ཏུ་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཆ་སྙོམས་ཀྱི་བཀོལ་སྤྱོད་ཡོང་འབབ་སྒོར་55444ཟིན་ནས་ཐེངས་དང་པོ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒལ་བ་དང་། གྲོང་གསེབ་ཀྱི་ཡུལ་མིའི་ཆ་སྙོམས་བཀོལ་སྤྱོད་ཡོང་འབབ་སྒོར་21578ཟིན་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ཟུར་ལ་སླེབས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆེད་དམིགས་བྱེད་ཐབས་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་སྤེལ་ཆེད། རང་ལྗོངས་ཀྱིས་རང་སྐྱོང་ལྗོངས་དང་། ས་ཁུལ(གྲོང་ཁྱེར་)རྫོང་(ཆུས)རིམ་གསུམ་བཙུགས་ནས་ཁེ་ལས་ཆུང་གྲས་ཀྱི་མ་དངུལ་བསྡུ་རྒྱུག་ལས་ཀར་རྒྱབ་སྐྱོར་བྱས་ཏེ། 2024ལོའི་ཟླ་10པར“ཁེ་ལས་སྟོང་དང་དུད་ཚང་ཁྲི་ལ་འཚམས་འདྲི་ཆེན་པོ་བྱེད་པའི”བྱེད་སྒོ་སྤེལ་ནས། འདི་ལོའི་ཟླ་6པའི་ཟླ་མཇུག་བར་རིམ་རྩིས་བྱས་ན་ཁེ་ལས་ཆུང་གྲས་གཉེར་མཁན་དུད་ཚང་ཁྲི་29.74ལ་འཚམས་འདྲི་བྱས་པ་དང་། དུད་ཚང་ཁྲི་1.2ལ་དངུལ་བུན་བུན་གཏོང་ཐུབ་ནས་དངུལ་གྲངས་སྒོར་དུང་ཕྱུར་270ཟིན་ཡོད་པ་རེད། དེ་བཞིན་“ཚད་མཐོ་བའི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་རྣམ་གྲངས་ཞིབ་བཤེར་ཆོག་མཆན་འགོད་པའི་དོན་དག་གཅིག་”ཅེས་པའི་ལས་དོན་སྤེལ་ནས་དམངས་ཁྲོད་ཀྱི་མ་རྩས་འགྲིམ་འགྲུལ་དང་། ནུས་རྒྱུ་གཙང་མ། གྲོང་ཁྱེར་དོ་དམ། ཆུ་བེད་རྨང་གཞིའི་སྒྲིག་བཀོད་དང་བར་སྣང་དམའ་བའི་དཔལ་འབྱོར་འཛུགས་སྐྲུན་ནང་ཞུགས་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་མ་ཟད། སྤྱི་ཚོགས་ཡོངས་ཀྱི་ཟོག་འགྲེམས་མ་གནས་ནུས་ལྡན་ངང་དམའ་རུ་གཏོང་བའི་རོགས་རམ་ཇུས་གཞི་བཏོན་ནས་ཁེས་ལས་ཆུང་གྲས་ཀྱི་མ་གནས་དམའ་རུ་འགྲོ་བར་ཕན་འབྲས་ཆེན་པོ་ཐོན་ཐབས་བྱས་ཡོད།
མིག་སྔར་ལས་རིགས་གཙོ་གཉེར་སྡེ་ཚན་གྱིས་རང་སྐྱོང་ལྗོངས་ཀྱི་ནོར་སྲིད་དང་མཉམ་དུ་ལོ་ལྟར་རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། རང་སྐྱོང་ལྗོངས་ཀྱི་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ཀྱི་ཆེད་སྤྱོད་མ་དངུལ་ལ་རྒྱབ་སྐྱོར་བྱེད་པའི་ཁ་ཕྱོགས་དང་གཙོ་གནད་གཏན་འཁེལ་བྱེད་པ་དང་། རྣམ་གྲངས་ཀྱི་ཞུ་འབུལ་ཡིག་ཐོག་སྙན་ཞུ་ཕྱོགས་སྟོན་གཏན་འབེབས་བྱེད་པ། ལོ་རེའི་ཟླ་10པའི་ཟླ་མཇུག་ཏུ་མདུན་གྱིས་ལེགས་གྲུབ་གྱི་ལོ་དེའི་རྣམ་གྲངས་ཀྱི་ཞུ་འབུལ་ཡིག་ཐོག་སྙན་ཞུ་དང་དཔྱད་ཞིབ་སོགས་ཀྱི་ལས་དོན་སྒྲིག་འཛུགས་དང་མ་དངུལ་བགོ་བཤའི་ཇུས་གཞི་འདོན་པ་རེད། སྔོན་ཆད་དང་བསྡུར་ན་མ་དངུལ་ཞུ་འབུལ་གྱི་ཡིག་ཐོག་སྙན་ཞུ་དང་དངུལ་སྤྲོད་ཀྱི་དུས་ཚོད་སྔ་སྣུར་སྔོན་ཚུད་ཆེས་ཆེར་བཏང་སྟེ། ཆ་རྐྱེན་དང་མཐུན་པའི་ཁེ་ལས་འབྲིང་ཆུང་གིས་དུས་ཐོག་ཁ་གསབ་མ་དངུལ་ཆ་ཚང་ལོངས་སུ་སྤྱོད་རྒྱུ་འགན་ལེན་བྱས་ནས་རང་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་དང་ཁེ་ལས་འཕེལ་རྒྱས་ཆ་སྙོམས་ངང་མཐོ་རུ་གཏོང་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལོ་འཁོར་གྱི་མ་དངུལ་གཞི་ཁྱོན་སྐབས་བསྟུན་ལེགས་སྒྲིག་བྱ་རྒྱུ་དང་འབྲེལ། མ་དངུལ་གྱི་ཡོངས་ཁུངས་ཁ་གསལ་བཟོས་ནས་ཐོན་ལས་འཕེལ་རྒྱས་ཀྱི་ཆེད་སྤྱོད་མ་དངུལ་ནང་བཅུག་ནས་འགན་ལེན་བྱ་རྒྱུ་ཡིན་ལ་སྔོན་དཔག་བྱས་ན་ཁ་གསབ་གཞི་ཁྱོན་ལོ་འཁོར་གོང་མ་ལས་ལྡབ་གཅིག་འཕར་རྒྱུ་ཡིན་པ་རེད།
བསོད་བསྟན་གྱིས་བསྒྱུར།