西藏青年报藏文版ཕྱོགས་བསྡུས། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་ འཁྱོངས་དང་དོན་འཁྱོལ་བྱེད་དགོས། ས་མཐོའི་སྲོལ་རྒྱུན་འོང་བསྐོར། པར་རིས་གསར་འགྱུར། རང་ལྗོངས་ཀྱིས་གཏན་འཇགས་རྒྱུ་ནོར་“ཐོ་འགོད་དཀའ་བ་”བཅོས་སྒྲིག་ནན་པོ་བྱས་པ་དང་གྲོང་མི་དུད་ཚང་ཁྲི་ལྷག་ཙམ་ལ“དེབ་དམར་པོ”སྤྲད་པ།

放大 缩小 默认

“གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་ འཁྱོངས་དང་དོན་འཁྱོལ་བྱེད་དགོས།

“གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”ཞེས་པ་ནི་སྤྱི་ལ་དབང་བའི་ལམ་ལུགས་དཔལ་འབྱོར་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བར་སྐུལ་ལྕག་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱེད་པར་ཟེར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་གནང་སྟེ། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”ལ་རྒྱས་བཤད་གཏིང་ཟབ་གནང་བ་དང་། “སྤྱི་ལ་དབང་བའི་ལམ་ལུགས་དཔལ་འབྱོར་དང་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་གཉིས་ཕན་ཚུན་གཅིག་ཕན་གཅིག་རོགས་དང་ཆར་པ་ཆུ་གྲོགས་ཐུབ་པ་བྱེད་དགོས”ཞེས་ནན་བཤད་གནང་བ་རེད།

སྤྱི་ལ་དབང་བའི་ལམ་ལུགས་དཔལ་འབྱོར་གྱིས་རྒྱལ་ཁབ་འཕེལ་རྒྱས་གཏོང་བར་རྨང་གཞི་བཏིང་བ་དང་སྤྱི་པའི་ཞབས་ཞུ་དང་འཐབ་ཇུས་ཀྱི་འདེགས་སྐྱོར་བྱས་ཡོད། དཔེར་ན། ཚོང་ལས་དངུལ་ཁང་དང་། རྡོ་སྣུམ། ལྕགས་ལམ་སོགས་ནི་ཏང་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་གྱི་སྲོག་རྩ་དང་འཕེལ་རྒྱས་འགྲོ་ཕྱོགས་ལ་འབྲེལ་བ་ཡོད་པས། གྲུ་གནོན་རྡོའི་ནུས་པ་ཐོན་པ་དང་། རྒྱལ་ཁབ་ཀྱི་དངུལ་རྩ་དང་། ནུས་རྒྱུ། འགྲིམ་འགྲུལ་སོགས་ཁྱབ་ཁོངས་བརྟན་པོའི་ངང་མཁོ་སྤྲོད་ཐུབ་པའི་འགན་ལེན་བྱེད་བཞིན་ཡོད་པ་རེད། དེ་ནི་ཁྱིམ་ཚང་ཆེན་པོ་ཞིག་དང་འདྲ་བར་གཞུང་ཁོངས་ཁེ་ལས་ནི་ཁྱིམ་དེའི་རྐང་འཛིན་པ་ཡིན་པས་ཁྱིམ་ཚང་ཧྲིལ་པོའི་བརྟན་ལྷིང་ལ་འདེགས་སྐྱོར་བྱེད་བཞིན་ཡོད། སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་གྱིས་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱས་པ་དང་གསར་གཏོད་དང་ལས་ཞུགས་ལ་སྐུལ་འདེད་བཏང་ཡོད། དཔེར་ན། ཁྲོམ་གཞུང་གི་སྒོ་རྩིས་ཚོང་ཁང་ཆུང་ཆུང་དང་ཞོགས་ཟས་ཟ་ཁང་། ད་དུང་དྲ་སྦྲེལ་ལས་གཏོད་ཀུང་སི་ལྟ་བུ་དཔལ་འབྱོར་གྱི་གར་སྟེགས་ཐོག་གསོན་ཤུགས་དང་གསར་གཏོད་ཀྱི་ནུས་པས་ཁེངས་ཡོད། ཕྲན་ཚེགས་ཁེ་ལས་ཀྱིས་ཁྲོམ་རའི་འགྱུར་ལྡོག་ལ་མགྱོགས་མྱུར་བསྟུན་ཐུབ་པ་དང་སྣ་མང་ཅན་གྱི་ཚོང་ཟོག་དང་ཞབས་ཞུ་མཁོ་འདོན་བྱས་ནས་རྒྱུན་གཏན་འཚོ་བའི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད། ཚན་རྩལ་རྣམ་པའི་དམངས་གཉེར་ཁེ་ལས་ཀྱིས་གསར་གཏོད་རྒྱུན་ཆད་མེད་པར་བྱས་ནས་ལག་རྩལ་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བཞིན་ཡོད། དཔེར་ན། ཧྭ་ཝེའི་ལག་ཐོགས་ཁ་པར་དང་ཏ་ཅང་མི་མེད་གནམ་གྲུ་ལྟ་བུ་གོ་ལ་ཧྲིལ་པོར་སྐད་གྲགས་ཆོད་ནས་དམངས་གཉེར་དཔལ་འབྱོར་གྱི་གསར་གཏོད་ཀྱི་སྟོབས་ཤུགས་མངོན་ཡོད། སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱིས་ཁྲོམ་ར་ཕུན་སུམ་ཚོགས་སུ་གཏོང་བ་མ་ཟད། ད་དུང་ལས་ཞུགས་ཀྱི་གོ་སྐབས་འབོར་ཆེན་བཏོད་ཡོད། མི་མང་པོ་ཞིག་ལ་དམངས་གཉེར་ཁེ་ལས་དེ་དག་ནས་ཕུགས་འདུན་མངོན་འགྱུར་བྱེད་པའི་གར་སྟེགས་རྙེད་ཡོད། སྤྱི་ལ་དབང་བའི་ལམ་ལུགས་དཔལ་འབྱོར་དང་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་གཉིས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་དེ་ནི་རྐང་འཁོར་གྱི་འཁོར་ལོ་གཉིས་དང་འདྲ་བར་གཅིག་ཀྱང་མེད་དུ་མི་རུང་བ་ཞིག་ཡིན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ང་ཚོས་ངེས་པར་དུ་རྣམ་འགྱུར་ཁ་གསལ་བཏོན་པ་ལས་ཡིན་ལ་མ་ཡིན་རྩ་བ་ནས་བྱེད་མི་རུང་། ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་སྒྱུར་བཅོས་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ་དང“གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་འཁྱོངས་བྱེད་དགོས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་གྱི་ལེགས་ཆ་ཕན་ཚུན་གསབ་རེས་དང་ཐུན་མོང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་ཡོངས་ཀྱི་ནང་སྐྱེས་སྒུལ་ཤུགས་དང་གསར་གཏོད་ཀྱི་གསོན་ཤུགས་སྔར་བས་ལེགས་པ་འཕེལ་ཐུབ་པ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏིང་ཟབ་ཕྱོགས་སུ་སྐྱོད་རྒྱུར་སྐུལ་འདེད་གཏོང་དགོས། མི་སེར་གྱི་ངོས་ནས་བརྗོད་ན། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་འཁྱོངས་བྱེད་པ་དེས་ལས་ཞུགས་ཀྱི་གོ་སྐབས་དེ་བས་མང་བ་དང་། ཚོང་ཟོག་དང་ཞབས་ཞུ་དེ་བས་ཕུན་སུམ་ཚོགས་པ། འཚོ་བ་དེ་བས་བརྟན་པོ་བཅས་མཚོན་གྱི་ཡོད་པ་རེད། ང་ཚོས་རྒྱལ་ཁབ་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བྱས་ནས་རང་འགུལ་གྱི་རྣམ་འགྱུར་ཐོག་ནས་དུས་རབས་ཀྱི་འཕོ་འགྱུར་དང་འཚམ་ཐུབ་པ་བྱེད་དགོས། གལ་ཏེ་ཁྱེད་ནི་ལས་གཏོད་བྱེད་མཁན་ཞིག་ཡིན་ན་བློ་ཁོག་ཆེན་པོས་འཇོན་ཐང་ངོམ་ནས་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་ཁྱབ་ཁོངས་སུ་རང་ཉིད་ལ་དབང་བིའི་གནམ་ས་ཞིག་གཏོད་དགོས། གལ་ཏེ་གཞུང་ཁོངས་ཁེ་ལས་སུ་ལས་ཀ་བྱས་ཚེ་ལས་ཀ་ཏན་ཏིག་བྱས་ནས་ཁེ་ལས་འཕེལ་རྒྱས་འགྲོ་བར་སྟོབས་ཤུགས་སྐྱེས་སུ་འབུལ་དགོས། ང་ཚོས་ངེས་པར་དུ་སེམས་ཤུགས་གཅིག་སྒྲིལ་གྱིས་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་འཚོ་བར་འབད་བརྩོན་བྱེད་པ་དང་། རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་ནུས་ཤུགས་ཧུར་ཐག་བཏོན་ཏེ་དེ་བས་འབྱོར་ཕྱུག་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གྱི་ཕྱོགས་སུ་མཉམ་དུ་བསྐྱོད་ཐུབ་པ་བྱེད་དགོས།

བསོད་བདེ་གཞོན་པས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明