ཉེ་ཆར་སྡེ་ཚོགས་ནག་ཆུ་གྲོང་ཁྱེར་ཨུ་ལྷན་གྱི་གཞོན་ནུའི་འཆད་འཁྲིད་དགེ་རྒན་ཚོགས་པས་ལེ་དབར་སྟོང་ལས་བརྒལ་ཏེ་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་ལ་རྒྱབ་ཤང་བདེ་མ་ལུང་གྲོང་ཚོར་ནག་ཆུའི་གནས་སྤོས་ས་ཚིགས་དང་དེ་བཞིན་མཐའ་འཁོར་ས་ཁོངས་སུ“རྟེན་འབྲེལ་ཆེན་པོ་བསུ་བ། ཏང་གི་བཀའ་དྲིན་བསྟོད་པ། ཐུན་མོང་ཐོག་འབད་བརྩོན་བྱེད་”ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད། བཅའ་ཁྲིམས་ཀྱི་ཞབས་ཞུ་དང་། བསམ་བློ་སྣེ་ཁྲིད། འཚམས་འདྲིར་བསྐྱོད་པ། དུག་འགོག་དང་ཨེ་ཙི་འགོག་པའི་དྲིལ་བསྒྲགས་སོགས་ཕྱོགས་མང་པོའི་ཐོག་ནས་ལང་ཚོའི་སྟོབས་ཤུགས་ལ་བརྟེན་ནས་མཐའ་མཚམས་མང་ཚོགས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པ་རེད།
བཅའ་ཁྲིམས་ཀྱི་ཞབས་ཞུ་གཞི་རིམ་དུ་བསྐྱོད་དེ་ཁྲིམས་སྐྱོང་གི་འཚོ་བ་གསར་པར་སྲུང་སྐྱེལ་བྱས་པ།
ནག་ཆུ་གྲོང་ཁྱེར་གཞོན་ནུའི་འཆད་འཁྲིད་ཚོགས་པའི་ཁོངས་མི་དང་ཏང་སློབ་གྲྭའི་འབྲིང་རིམ་འཆད་ཁྲིད་དགེ་རྒན་ཕུན་ནོར་གྱིས་གོ་བདེ་བའི་སྐད་ཆའི་ཐོག་ནས་དམངས་དོན་ཁྲིམས་གཞུང་ནང་གི་གཉེན་སྒྲིག་ཁྱིམ་ཚང་དང་། རྒྱུ་ནོར་ཤུལ་འཛིན། ངལ་རྩོལ་གྱི་ཁེ་དབང་འགན་སྲུང་སོགས་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་གནད་དོན་དང་། མང་ཚོགས་ཀྱིས“ལས་དོན་སྒྲུབ་དུས་ཁྲིམས་གཞིར་བཟུང་དང་དོན་དག་འཕྲད་སྐབས་བཅའ་ཁྲིམས་འཚོལ་བའི”ཁྲིམས་སྐྱོང་ཀྱི་འདུ་ཤེས་འཛུགས་དགོས་པའི་ཁྲིད་སྟོན་བྱས་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ་བཅའ་ཁྲིམས་བློ་འདྲི་སྟེགས་བུ་བཙུགས་ནས་མང་ཚོགས་ལ་ཞབས་ཞུ་མཁོ་འདོན་བྱས་པས། དུད་ཚང་720ལྷག་ཙམ་དང་གནས་སྤོ་བྱས་པའི་མང་ཚོགས་2300ལྷག་ཙམ་ལ་ཕན་པ་ཐོབ། དེ་དང་ཆབས་ཅིག་གྱོད་དཔེ་ངོ་མ་འགའ་བརྙན་ལམ་ནས་བསྟན་པ་དང་། རི་མོ་དང་རྩོམ་ཡིག་གཉིས་ལྡན་གྱི་བཅའ་ཁྲིམས་ཁྱབ་བསྒྲགས་ལག་དེབ་(ཁག་300)སྤྲད་ནས་སྣ་མང་ཁྲིམས་ལུགས་ཁྱབ་གདལ་བཏང་བ་མ་ཟད། གཞོན་ནུའི་སློབ་སྦྱོང་ཆེན་པོའི་རས་ངོས་ཐུམ་དང་། ཉི་འགོག་ཞྭ་མོ། ཡིག་ཆས་སོགས་དངོས་རྫས་1250ཕུལ་བ་རེད། “གནས་སྤོ་བྱས་པའི་རྗེས་ལ་འཚོ་བར་འགྱུར་ལྡོག་བྱུང་ལ་བཅའ་ཁྲིམས་ཀྱི་དགོས་མཁོ་ཡང་མང་དུ་ཕྱིན་པས། འཆད་ཁྲིད་འདི་འདྲ་ཞིག་ནི་ཧ་ཅང་མཁོ་སོང་”ཅེས་གནས་སྤོས་མང་ཚོགས་བཀྲ་ཤིས་ཀྱིས་སེམས་འགུལ་ཆེན་པོས་བཤད།
བསམ་བློར་སྣེ་ཁྲིད་བྱས་ནས་གཅིག་མཐུན་ཐོག་མཐུན་སྒྲིལ་ལྡན་པའི་ཐུན་མོང་ཚོགས་པ་འཛུགས་པ།
རྩྭ་ཐང་ནས་ཁང་པ་གསར་པའི་ནང་ང་ཚོ་གནས་སྤོ་བྱེད་ཐུབ་པ་ནི་ཏང་དང་རྒྱལ་ཁབ་ཀྱི‘མཐའ་སྐྱོང་བོད་བརྟན་’འཐབ་ཇུས་ཀྱི་གསོན་ཉམས་ལྡན་པའི་བདེན་དཔང་ཞིག་ཡིན། ”ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་ཆེད་དོན་སྒྲོག་འགྲེལ་ཁྲོད། འཆད་འཁྲིད་དགེ་རྒན་ཚོགས་པས་“བོད་ཀྱི་ལོ་ངོ་60རིང་གི་འོད་སྟོང་འཕྲོ་བའི་གྲུབ་འབྲས་དང་གཞོན་ནུའི་འགན་འཁྲི་”གཙོ་རྐང་དུ་བྱས་ནས། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་དམངས་འཚོ་ལེགས་གཏོང་། རིག་གནས་རྒྱུན་འཛིན་སོགས་ཀྱི་ཐད་ནས་ཏང་གི་འགོ་ཁྲིད་འོག་བོད་ཀྱི་སྤྱི་ཚོགས་དཔལ་འབྱོར་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བཞིན་ཡོད་ཅེས་བཤད་པ་རེད།
“ཕ་ཡུལ་གྱི་ལོ་ངོ་60རིང་གི་འཕེལ་རྒྱས་གཏམ་རྒྱུད་ལ་ཉན་ཚེ། གཞོན་ནུ་རྣམས་སྐལ་བཟང་མེ་ཏོག་དང་འདྲ་བར་ས་མཐོར་རྩ་བ་ཚུགས་ནས་འབད་འཐབ་ལ་བརྟེན་ནས་ཏང་གི་བཀའ་དྲིན་ལ་དྲིན་ལན་འཇལ་དགོས་པ་ངས་དེ་བས་ཤེས་རྟོགས་བྱུང་” པད་མ་རྒྱལ་པོས་རང་ཉིད་ཀྱི་འཚར་ལོངས་མཉམ་སྤྱོད་བྱེད་དུས་དེར་ཡོད་གཞོན་ནུས་དགའ་བའི་འབོད་སྒྲ་སྒྲོགས། སྒྲོག་འགྲེལ་ཚར་རྗེས་འཆད་འཁྲིད་དགེ་རྒན་ཚོགས་པ་དང་གཞོན་ནུ་རྣམས་ཀྱིས“མི་རིགས་མཐུན་སྒྲིལ་ཁྲོད་གཞོན་ནུའི་འགན་འཁྲི་”ལ་དམིགས་ནས་གྲོས་བསྡུར་བྱས་པ་དང་འབྲེལ། ཚང་མས་གྲོང་གསེབ་དར་རྒྱས་དང་རྒྱལ་སྲུང་མཐའ་སྲུང་ཁྲོད་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་འབོད་སྐུལ་བྱས་པ་རེད།
འཚམས་འདྲིར་བསྐྱོད་དེ་མི་སེམས་ལ་དྲོ་སྐྱིད་སྦྱིན་པ་དང་ལས་གཏོད་ལ་རོགས་རམ་བྱས་ཏེ་ལས་ཞུགས་ ཐུབ་ཐབས་བྱས་པ།
“གནས་སྤོས་བྱས་པའི་རྗེས་ཡོང་འབབ་བརྟན་པོ་ཡོད་དམ་མེད། ཕྲུ་གུ་སློབ་གྲྭར་འགྲོ་ན་སྟབས་བདེ་ཡིན་ནམ་མིན། ”ཟླ་7ཚེས་1ཉིན་གྱི་དགོང་མོར། གཞོན་ནུའི་འཆད་འཁྲིད་དགེ་རྒན་ཚོགས་པ་གནས་སྤོས་ས་ཚིགས་གསུམ་དུ་བསྐྱོད་ནས་སྡེ་ཚོགས་གཞོན་ནུ་མི་གྲངས་32དང་། ཏང་ཡོན་དང་དེ་བཞིན་མང་ཚོགས་འཐུས་མི་བཅས་དང་མཉམ་དུ་ཁ་བརྡ་ཡུན་རིང་པོ་བྱས་ཏེ་ཁོང་ཚོའི་འཚོ་བའི་གནས་ཚུལ་དང་། དོན་དངོས་ཀྱི་དཀའ་ངལ་ཤེས་རྟོགས་ཞིབ་ཕྲ་བྱས་ནས་དངོས་རྫས་འཁྱེར་ནས་འཚམས་འདྲི་བྱས་པ་རེད།
བརྟག་དཔྱད་ཞིབ་འཇུག་བྱས་པ་ལྟར་ན། གནས་སྤོས་བྱ་ཡུལ་གྱི་གཞོན་ནུའི་ལས་གཏོད་ཀྱི་སྤྲོ་སེམས་ཆེ་རུ་ཕྱིན་ནས་གཞོན་ནུ་7ལེགས་འགྲུབ་ངང་ལས་གཏོད་བྱེད་བཞིན་ཡོད་ལ། ཁོ་ཚོས་ས་གནས་དེ་གའི་གནས་ཚུལ་དང་བསྟུན་ནས་ཁྱིམ་དུ་ཇ་ཁང་དང་བོད་ཟ་ཁང་སོགས་ཁྱད་ཆོས་ལྡན་པའི་ཚོང་ཁང་བཙུགས་ནས་མང་ཚོགས་ཀྱི་དགོས་མཁོ་སྐོང་ཐུབ་པ་མ་ཟད། རང་ཉིད་ཀྱི་ཡོང་འབབ་འཕར་ཐབས་ཀྱང་བྱེད་ཀྱི་ཡོད་པ་རེད། ལས་ཞུགས་འགན་སྲུང་ཐད་ས་གནས་དེ་གའི་ནགས་སྲུང་པ་དང་སྐྱེ་ཁམས་ལས་གནས་སོགས་ཀྱི་ལས་གནས་གསར་སྤེལ་བྱས་ནས་ “སྒོ་འགྲམ་གྱི་ལས་ཞུགས་” མངོན་འགྱུར་བྱས་པ་དང་། ཐེམ་ཐོ་སྤོ་སྒྱུར་ལས་དོན་བརྟན་པོའི་ངང་སྐུལ་འདེད་བཏང་སྟེ་དུད་ཚང་500ལྷག་ཙམ་ལྷོ་བྲག་རྫོང་དུ་ལེགས་འགྲུབ་ངང་ཞུགས་ཐུབ་སྟེ། ས་གནས་དེ་གའི་སྲིད་ཇུས་ལོངས་སྤྱོད་དང་སྡེ་ཁུལ་ནང་ཞུགས་རྒྱུར་རྨང་གཞི་བཏིང་ཡོད།
དུག་འགོག་དང་ཨེ་ཙེ་འགོག་པའི་འདུ་ཤེས་མཐོར་གཏོང་གིས་མཐའ་མཚམས་བདེ་ཐང་ལམ་ཐིག་སྲུང་སྐྱོབ་བྱས་པ།
གཞོན་ནུའི་དགེ་རྒན་འཆད་འཁྲིད་ཚོགས་པས་དུག་རྫས་ཀྱི་འདྲ་བཟོའི་དཔེ་དབྱིབས་དང་དྲིལ་བསྒྲགས་བརྙན་ལམ་བསྟན་པ་དང་། གཞོན་ནུ་ལོ་ཆུང་དང་མང་ཚོགས་ལ་དུག་རྫས་ཀྱི་གནོད་འཚེ་དང་ཨེ་ཙི་ནད་ཀྱི་སྔོན་འགོག་བྱ་ཐབས་གསལ་བཤད་ཞིབ་ཕྲ་བྱས་པ་རེད།
དང་བླངས་པས་མང་ཚོགས་ལ་དུག་འགོག་དང་ཨེ་འགོག་དྲིལ་བསྒྲགས་དཔྱད་གཞིའི་དངོས་པོ་500ལྷག་ཙམ་སྤྲད་པ་དང་ཤེས་བྱའི་དྲིས་ལན་གྱི་བྱེད་སྒོ་སྒྲིག་འཛུགས་བྱས་པས། གནས་སྤོས་མང་ཚོགས་སྒྲོལ་མས་“སྔོན་ཆད་དེ་དག་ལ་རྒྱུས་ལོན་ཉུང་མོད། ད་ལྟ་རང་ཉིད་དང་ཁྱིམ་མིར་ཇི་ལྟར་སྲུང་སྐྱོབ་བྱེད་དགོས་པ་ཤེས་བྱུང་”ཅེས་བཤད།
སྡེ་ཚོགས་ནག་ཆུ་གྲོང་ཁྱེར་ཨུ་ལྷན་གྱི་གཞོན་ནུའི་འཆད་འཁྲིད་དགེ་རྒན་ཚོགས་པའི་འགན་འཁུར་བ་བཀྲ་ཤིས་རྡོ་རྗེས་གོམ་སྟབས་རྗེས་མར་འཆད་འཁྲིད་ཚོགས་པས་རྒྱུན་མཐུད་ནས་གཞི་རིམ་དུ་ཟབ་འཇུག་བྱས་ཏེ། རྣམ་པ་དེ་བས་མང་བའི་ཐོག་ནས་ཏང་གི་སྲིད་ཇུས་དྲིལ་བསྒྲགས་བྱས་ནས་རྒྱ་ཆེའི་གཞོན་ནུ་དང་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་ཏེ་བོད་ལྗོངས་ཡུན་རིང་བརྟན་ལྷིང་དང་སྤུས་ཚད་མཐོ་བའི་གོང་འཕེལ་ལ་ལང་ཚོའི་འགུལ་ནུས་བསྣན་རྒྱུ་ཡིན་ཞེས་གསུངས་པ་རེད།
བསོད་བསྟན་གྱིས་བསྒྱུར།