ལེགས་རྕེ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས་དམངས་ཀྱི་ཆེད་དུ་སེམས་ཁྲལ་སེལ་བ་དང་མི་རིགས་མཐུན་སྒྲིལ་སྲ་བརྟན་གཏོང་བ། མཐའ་མཚམས་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་། བཅའ་སྡོད་བྱ་ཡུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་ཐད་འབད་བརྩོན་གནང་བར་ཐུགས་རྗེ་ཆེ་ཞུ་ཆེད། ཟླ་6ཚེས་30ཉིན་འབྲོང་པ་རྫོང་རིན་ཐོར་ཤང་ཁང་དམར་གྲོང་ཚོའི་ཚོགས་ཆུང་གཉིས་པའི་མང་ཚོགས་འཐུས་མིས་ལེགས་རྕེ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ལ་“ཟོལ་མེད་བརྩེ་སེམས་ཀྱིས་དམངས་ལ་ཞབས་འདེགས་ཞུས་ནས་སེམས་ཁྲལ་སེལ་བ་དང་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་རྒྱལ་དར་ཕུལ་བ་རེད།
དུས་ཡུན་རིང་པོའི་རིང་ལ་ལེགས་རྕེ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་དེ་ལས་ཀའི་འགོ་ཚུགས་ས་དང་དམིགས་ཡུལ་དུ་བརྩིས་ནས་དམངས་ལ་སྟབས་བདེའི་ཆུ་ལེན་ས་དང་། མྱུར་སྐྱེལ་ས་ཚིགས་། ཁྲུས་ཁང་། སྤྲིན་ཐོག་གློག་བརྙན་ཁང་། སྐྲ་བཞར་ཁང་། ལུས་སྦྱོང་ཁང་། ལག་རྩེད་སྤོ་ལོའི་ར་བ། རོལ་རྩེད་ཁང་། སྤྲིན་ཐོག་དཔེ་ཁང་། རླངས་འཁོར་འཁྲུ་ས་སོགས་དམངས་ལ་སྟབས་བདེའི་ཞབས་ཞུ་སྒྲིག་བཀོད་རབ་དང་རིམ་པ་མུ་མཐུད་འཛུགས་སྐྲུན་དང་འཐུས་ཚང་དུ་བཏང་ནས་བཅའ་སྡོད་བྱ་ཡུལ་མང་ཚོགས་ལ་ཁྱོན་ཡོངས་ནས་རིན་མེད་འཚོ་བའི་ཞབས་ཞུ་མཁོ་འདོན་བྱས་ཡོད། དེ་དང་ཆབས་ཅིག་འོས་འགན་སྨན་བཅོས་ཁྱིམ་དུ་ཡོང་བ་དང་། བཅའ་ཁྲིམས་བློ་འདྲི། རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་སྲིད་ཇུས་གསལ་འགྲེལ། ལས་སྒྲུབ་པར་འདེབས། ལག་ཁྱེར་པར་འདེབས། དམངས་ལ་སྟབས་བདེའི་སྐྲ་བཞར་པ། སློབ་སྦྱོང་ཡོ་བྱད་ཞལ་འདེབས་འཕུལ་བ་སོགས་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་དམངས་སྟབས་བདེ་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།
ལེགས་རྕེ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་ཀྲང་ཝང་ཙེ་ལེང་གིས་རྒྱལ་དར་གཅིག་ནི་ཁས་ལེན་ཞིག་ཡིན་ལ་སྐུལ་ལྕག་ཅིག་ཀྱང་ཡིན། ང་ཚོས་དེ་སྒུལ་ཤུགས་སུ་བྱས་ཏེ་དམངས་གཙོའི་ཐོག་མའི་བསམ་འདུན་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ཏེ། རང་འགུལ་ངང་ཧུར་ཐག་གིས་བཅའ་སྡོད་བྱ་ཡུལ་མང་ཚོགས་ལ་དཀའ་ངལ་ཐག་གཅོད་དང་བྱ་བ་བཟང་པོ་སྒྲུབ་པ་བཅས་བྱས་ཏེ། མཐའ་མཚམས་དམངས་ཕྱུག་དང་མཐའ་མཚམས་འགག་སྒོ་མཛེས་པ། མཐའ་མཚམས་བརྟན་པོ་བཅས་ཀྱི་རྣམ་པ་བཟང་པོ་ཆགས་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་ཡོད།
ཚེ་རིང་ཐར་གྱིས་བསྒྱུར།