西藏青年报藏文版ཕྱོགས་བསྡུས། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་མཆོག་ནོར་སྲུང་སྐྱོང་ཡག་པོ་བྱེད་དགོས། ཁྲིམས་སྐྱོང་གི་གློག་སྒྲོན་བཀར་ཏེ་གཞོན་ནུ་འཚར་ལོངས་ལ་སྲུང་སྐྱོབ་བྱེད་པ། པར་རིས་གསར་འགྱུར།

放大 缩小 默认

ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་མཆོག་ནོར་སྲུང་སྐྱོང་ཡག་པོ་བྱེད་དགོས།

རིག་དངོས་ནི་སྨྲ་བའི་ངག་མེད་ཀྱང་ལོ་ཟླའི་འགྱུར་ལྡོག་གསལ་པོར་མངོན་ལ། གཟུགས་ཅན་དངོས་པོ་དེ་དག་ལས་ཉམས་མེད་ཀྱི་སྙིང་སྟོབས་ཚོར། སྐར་ཚོགས་བཞིན་རྣམ་པར་བཀྲ་བའི་རིག་གནས་ཤུལ་བཞག་དེ་དག་ནང་ཀྲུང་ཧྭ་མི་རིགས་ཀྱི་གཞི་རྒྱུ་དང་ཁྲག་རྒྱུན་འདྲེས་པ་དང་། ཀྲུང་གོ་མི་དམངས་ཀྱི་བློ་གྲོས་དང་གསར་གཏོད་འདུས་ཡོད་ལ། ཀྲུང་ཧྭའི་ཤེས་དཔལ་གྱི་རྒྱུན་མཐུད་རང་བཞིན་དང་། གསར་གཏོད་རང་བཞིན། གཅིག་གྱུར་རང་བཞིན། བསྟུན་མཁས་རང་བཞིན། ཞི་བདེ་རང་བཞིན་བཅས་ལ་བདེན་དཔང་ཡང་བྱས་ཡོད་པས། དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་མཆོག་ནོར་ཡིན། མེས་པོས་རྩ་ཆེའི་ཤུལ་བཞག་རྒྱུ་ནོར་འདི་དག་ང་ཚོར་དབང་བ་མ་ཟད། ཕ་ཚ་བུ་རྒྱུད་ལ་ཡང་དབང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལོ་རྒྱུས་རིག་གནས་ཤུལ་བཞག་ནི་མེས་པོས་ང་ཚོར་བཞག་པ་ཡིན་པས་ང་ཚོས་ངེས་པར་དུ་མི་རབས་རྗེས་མར་ཆད་ལུས་ཆད་སྐྱོན་མེད་པར་འཇོག་དགོས”ཞེས་ནན་གསུངས་གནང་བས། ང་ཚོས་ངེས་པར་དུ་ལོ་རྒྱུས་ལ་གུས་སྐྲག་དང་། རིག་གནས་ལ་གུས་སྐྲག ཀྲུང་ཧྭའི་རིག་གནས་མཆོག་ནོར་ལ་གཅེས་སྤྲས་བཅས་བྱས་ནས་རང་ཅག་གི་བློ་སྟོབས་དང་། ལ་རྒྱ། གདེང་སྤོབས་བཅས་སྲུང་སྐྱོང་ཡག་པོ་བྱེད་དགོས།

སྤྱི་ཡོངས་དང་བརྒྱུད་རིམ་ལྡན་པའི་སྲུང་སྐྱོང་བྱས་ནས་རིག་གནས་ཤུལ་བཞག་ལ་རྩ་བ་ཡོད་པ་དང་གསོན་ཤུགས་ལྡན་པར་བྱེད་དགོས། ར་ས་འཕྲུལ་སྣང་གཙུག་ལག་ཁང་དང་། གུ་གེ་གནའ་ཤུལ། བྲག་བརྐོས་ཡི་གེ་སོགས་ཀྱི་རིག་དངོས་ཤུལ་བཞག་དག་ནི་སྔར་ནས་བཟུང་ཁེར་རྐྱང་མིན་པར། ཚང་མ་མཐའ་འཁོར་གྱི་རང་བྱུང་ཁོར་ཡུག་དང་། ལོ་རྒྱུས་རྒྱབ་ལྗོངས། མི་ཆོས་ཁོར་ཡུག་སོགས་དང་འབྲེལ་བ་དམ་ཟབ་ཡོད་པའི་དཀྱུས་གཅིག་ཏུ་འདྲེས་པའི་གོང་བུ་ཞིག་རེད། “སྲུང་སྐྱོང་ཆེན་པོའི”རྣམ་པ་དང་། ཕྱོགས་ཀུན་ཚང་བ་དང་། བང་རིམ་ལྡན་པ། ལངས་གཟུགས་ཅན་བཅས་ཀྱི་སྲུང་སྐྱོང་མ་ལག་ལ་བརྟེན་ནས་རིག་དངོས་གནའ་ཤུལ་དང་། བཟོ་སྐྲུན་རྙིང་པ། རིག་གནས་མཛེས་ལྗོངས། ལོ་རྒྱུས་ཁྲོམ་གཞུང་། མངོན་མིན་རིག་གནས་ཤུལ་བཞག་དམངས་སྲོལ་སོགས་བརྒྱུད་རིམ་རང་བཞིན་གྱི་སྲུང་སྐྱོང་དང་གཅིག་གྱུར་ལྟ་འདོམས་ནང་བཅུག་སྟེ། སྲོལ་རྒྱུན་གྱི་རིག་གནས་སྐྱེ་ཁམས་ཉར་ཚགས་ལུགས་མཐུན་བྱས་ཡོད། སྡེ་ཚན་དང་། ས་ཁོངས། ཁྱབ་ཁོངས་བཅས་སྒྲོལ་བའི་མཉམ་སྒྲུབ་ལ་སྐུལ་འདེད་གཏོང་བ་དང་། སྲུང་སྐྱོང་མཉམ་ཤུགས་ཆགས་པར་བྱས་ནས་རིག་གནས་ཤུལ་བཞག་མཐའ་འཁོར་ཁོར་ཡུག་ཁྲོད་དུ་རྩ་བ་བརྟན་པོར་ཚུགས་པ་དང་། རིག་གནས་ཤུལ་བཞག་གི་བསམ་པའི་དཔལ་ཡོན་ལས་ང་ཚོའི་སེམས་རྒྱུད་གསོ་འཁྱོངས་ཐུབ་པར་བྱེད་དགོས།

སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་རིག་གནས་ཤུལ་བཞག་གི་རིག་རྒྱུན་རྒྱུན་འཛིན་བྱེད་དགོས། རིག་གནས་ཤུལ་བཞག་ནི་བསྐྱར་སྐྱེ་མི་ཐུབ་ལ་ཚབ་བྱེད་ཐབས་ཀྱང་བྲལ་བས། སྲུང་སྐྱོང་ཨང་དང་པོར་འཇོག་དགོས། “གནའ་ཤུལ་ངོ་མ་བཤིག་ནས་གནའ་རྫས་རྫུན་མ་བཟོ་མི་རུང”ལ། ཚད་བརྒལ་ཉམས་གསོ་དང་ཚད་བརྒལ་གསར་སྤེལ་ཡང་མི་བྱེད་པར་སྒྲིག་སྲོལ་ལམ་སྲོལ་མཐུན་སྦྱོར་བྱེད་པ་དང་། བཅའ་ཁྲིམས་ཁྲིམས་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཁྲིམས་སྒྱུར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་བརྒྱུད་སྤྱི་ཡོངས་རང་བཞིན་དང་བརྒྱུད་རིམ་རང་བཞིན་ལྡན་པའི་སྲུང་སྐྱོང་གི་ནུས་པ་ཆེ་རུ་དང་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་། འཛུགས་སྐྲུན་རང་བཞིན་གྱི་གཏོར་སྐྱོན་མི་ཕོག་པ། “ཕར་ཆིན་རྒྱག་པའི་སྙིང་རུས”མཐའ་འཁྱོངས་བཅས་བྱས་ཏེ། རིག་གནས་ཤུལ་བཞག་གི་ལོ་རྒྱུས་མངོན་སུམ་རང་བཞིན་དང་། རྣམ་པ་ཆ་ཚང་རང་བཞིན། རིག་གནས་རྒྱུན་མཐུད་རང་བཞིན་བཅས་སྲུང་སྐྱོང་ཡག་པོ་བྱེད་དགོས། ང་ཚོས་རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་བཞིན་རིག་གནས་ཤུལ་བཞག་ནང་འདུས་པའི་ལོ་རྒྱུས་ལ་སྲུང་སྐྱོང་ཡག་པོ་བྱས་ཏེ། ལོ་རྒྱུས་ཀྱི་འགྱུར་བ་ངེས་ཐུབ་པ་དང་། ལོ་ཟླའི་རྗེས་ཤུལ་མཐོང་ཐུབ་པ། རིག་གནས་ཀྱི་རྒྱུན་ཉར་ཚགས་ཐུབ་པ་བཅས་བྱེད་དགོས།

ཚན་རིག་དང་མཐུན་པ་དང་ལུགས་དང་མཐུན་པའི་ངང་བེད་སྤྱོད་བྱས་ནས་རིག་གནས་ཤུལ་བཞག་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བར་བྱེད་དགོས། སྲུང་སྐྱོང་འོས་འཚམ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་དོ་སྙོམས་ས་ཡག་ཤོས་འཚོལ་བ་དང་། རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གྲངས་འཛིན་ཅན་དང་། དྲ་རྒྱ་ཅན། རིག་ནུས་ཅན་སོགས་ཀྱི་དེང་རབས་མཚོན་སྟངས་སྤྱོད་པ་བཅས་བྱས་ཚེ། རྟེན་མཛོད་ཁང་དུ་བསྡུ་ཉར་བྱས་པའི་རིག་དངོས་དང་། རྒྱ་ཆེའི་ས་གཞི་ཆེན་པོར་གནས་པའི་ཤུལ་བཞག གནའ་དཔེའི་ནང་འཁོད་པའི་ཡི་གེ་བཅས་གསོན་ཉམས་དོད་དུ་ཕྱིན་ནས། སྤྱི་པའི་རིག་གནས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ཀྱི་བསམ་པ་དང་། རིག་གནས། འཚོ་བ་བཅས་ཀྱི་དགོས་མཁོ་སྐོང་བ་སོགས་ཐད་ཀྱི་རིག་གནས་ཤུལ་བཞག་གི་ནུས་པ་གལ་ཆེན་གང་ལེགས་འདོན་ཐུབ། ང་ཚོས་རིག་གནས་ཤུལ་བཞག་སྲུང་སྐྱོང་ལེགས་པར་བྱས་ནས། དེ་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་ཤུགས་སྣོན་རྒྱག་པའི་གསོ་བཅུད་ཆེན་པོ་དང་། ཀྲུང་ཧྭའི་རིག་གནས་ཀྱི་རྒྱལ་སྤྱིའི་ཤུགས་རྐྱེན་ཆེ་རུ་གཏོང་བའི་མིང་བྱང་གལ་ཆེན་ལ་འགྱུར་བར་བྱེད་དགོས།

ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明