ཉེ་ཆར། བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོ་མཉམ་འབྲེལ་དྲ་རྒྱ་འཕྲིན་གཏོང་ཚད་ཡོད་ཀུང་སི་བོད་རང་སྐྱོང་ལྗོངས་ཡན་ལག་ཀུང་སིས་ལྷ་སར་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་དངོས་སུ་བཞག་སྟེ། དབང་པོ་སྐྱོན་ཅན་གྱིས་གྲངས་འཛིན་དུས་རབས་ཀྱི་ཁེ་སྤོགས་མཉམ་སྤྱོད་ཐུབ་པར་རམ་འདེགས་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། གྲོས་མཐུན་གྱིས་དབང་པོ་སྐྱོན་ཅན་ཚོགས་སྤྱིར་ཆེད་དམིགས་ཀྱི་གཟིགས་སྐྱོང་གྲོན་དངུལ་འཇལ་སྟངས་བཟོས་ནས་སྐད་སྒྲ་དང་། རྒྱུག་འབོར། རིག་ལྡན་ཁྱིམ་ཚང་ཐོན་རྫས་སོགས་མཁོ་འདོན་བྱས་ནས་དམིགས་སུ་རྒྱབ་སྐྱོར་བྱས་ཡོད། དེ་དང་དུས་མཚུངས་རང་ཡོད་ལས་སྟེགས་ཀྱི་འགོག་མེད་བྱེད་ནུས་ལེགས་སུ་བཏང་ནས་མིག་དང་རྣ་བ་སོགས་ལ་སྐྱོན་ཡོད་པའི་ཚོགས་སྤྱིའི་གྲོན་དངུལ་འཇལ་སྟངས་བཟོས་ཏེ“ཚན་རྩལ་ལ་བརྟེན་ནས་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར”གྱི་བྱེད་སྟངས་གསར་པ་འཚོལ་ཞིབ་བྱས་པ་བརྒྱུད། གྲངས་འཛིན་ཅན་གྱི་བྱ་ཐབས་ལ་བརྟེན་ནས་དབང་པོ་སྐྱོན་ཅན་གྱི་འཚོ་བའི་སྤུས་ཚད་མཐོ་རུ་བཏང་སྟེ། ཆ་འཕྲིན་གྱི་འགོག་མེད་ཞབས་ཞུ་ཁྱབ་གདལ་གཏོང་བར་སྐུལ་འདེད་བཏང་ཡོད།
ཚེ་དབང་ལྷ་མོས་བསྒྱུར།