སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཞེ་དབྱི་ཐའེ་སློབ་ཆུང་གི་མཐའ་སྲུང་སློབ་སྐྱོར་ནུབ་རྒྱུད་འཆར་གཞིའི་དང་བླངས་ཞབས་ཞུའི་རུ་ཁག་གི་རུ་མི་རྣམས་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་གཏིང་ཟབ་བྱ་ཆེད། ཟླ་5པའི་ཚེས9ཉིན་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་རྣམ་གྲངས་གཞུང་དོན་ཁང་གིས་ས་ཁུལ་ཐད་གཏོགས་སྡེ་ཚན་གྱི་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་200ལྷག་ཙམ་སྒྲིག་འཛུགས་བྱས་ནས་བཞུགས་མོལ་ཚོགས་འདུ་འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཡི་ཐུགས་ཁུར་དང་བརྩེ་བ་ཟབ་མོར་སེམས་གཏིང་ནས་མྱོང་ཚོར་ཤེས་རྟོགས་དང་དང་བླངས་པ་སྐུལ་སྤེལ་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནང་དུ་འགན་འཁུར་གང་ལེགས་འཁུར་རྒྱུ་ཡིན་པ་རེད།
རྒྱ་ཆེའི་དང་བླངས་པས་གཅིག་མཐུན་ངང་མུ་མཐུད་ནས་ཏང་གི་གསུང་སྒྲ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པ་དེ་ན་གཞོན་གྱི་ཁ་ཕྱོགས་ས་བྱས་ཏེ། མེས་རྒྱལ་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་རིན་ཐང་གི་ལྟ་བ་འཛིན་ཕྱོགས་མཐའ་འཁྱོངས་དང་། གཞི་རིམ་དུ་རྩ་བ་ཚུགས་པ་དང་ལས་གནས་ཐོག་བྱས་རྗེས་བཞག་པའི་ཤེས་ལྡན་མི་སྣར་འགྱུར་བའི་ཁྲིད་སྟོན་གྱིས་གངས་ལྗོངས་ས་མཐོར་གཞོན་དུས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།
“ནུབ་རྒྱུད་འཆར་གཞིའི་དང་བླངས་པ་ཞིག་ཡིན་པའི་ངོས་ནས་ངས་ངེས་པར་དུ་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ཏེ། ན་གཞོན་དང་འབད་འཐབ་ལ་བརྟེན་ནས་ནུབ་རྒྱུད་དུ་རྩ་བ་ཚུགས་ནས་ནུབ་རྒྱུད་ལ་ལེགས་སྐྱེས་འབུལ་”ཞེས་དང་བླངས་པའི་འཐུས་མི་ཐང་དབྱི་ཡོན་གྱིས་བཤད།
ཞིབ་འཇུག་སློབ་མའི་རོགས་སྐྱོར་སློབ་ཁྲིད་ཀྱི་སྡེ་ཚོགས་འཐུས་མི་ཕེ་ཁུ་ཧོན་གྱིས་“བོད་དུ་རོགས་སྐྱོར་སློབ་ཁྲིད་བྱེད་པའི་དུས་ཡུན་དེའི་ནང་ཕྲུ་གུ་ཚོས་ཤེས་བྱའི་རེ་འདུན་བྱེད་པ་མཐོང་ནས་ང་ཚོས་སློབ་ཚན་ཁག་གྲ་སྒྲིག་ནན་ཏན་དང་དེ་བས་སྤྲོ་བ་ལྡན་པའི་བྱ་ཐབས་སྤྱད་དེ་སློབ་ཁྲིད་བྱེད་པ་དང་། ཞེ་དབྱི་ཐེ་སློབ་ཆུང་གི་དང་བླངས་པས་སློབ་མའི་གྲུབ་འབྲས་མཐོ་རུ་བཏང་བ་དང་འདྲ་བར། ང་ཚོས་ཀྱང་བོད་ཀྱི་བྱིས་པའི་གྲུབ་འབྲས་མཐོར་འདེགས་ཆེད་ནུས་ཤུགས་ཡོད་རྒུས་འབད་བརྩོན་བྱ་དགོས་”ཅེས་བཤད།
གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་ལའི་ཡིའུ་ཅུན་གྱིས་རྒྱ་ཆེའི་དང་བླངས་པས་སྤྱི་ཁྱབ་ཧྲུའུ་ཅི་ཡི་བསླབ་བྱ་ནན་ཏན་བློ་ལ་བརྟན་པོར་བཞག་ནས་རང་ཚུགས་དང་། རང་སྟོབས། ཡིད་ཆེས་བཅས་ན་གཞོན་གྱི་རྣམ་འགྱུར་ཐོག་ནས་ལས་གནས་སུ་གཞི་ཚུགས་ནས་རང་ཉིད་སྦྱོང་བརྡར་བྱེད་དགོས་པའི་རེ་བ་ཡོད། རང་ལྗོངས་ཀྱིས་“འཛུགས་གཏོད་བཞི་”དང་“མདུན་གྲལ་དུ་སླེབས་པ་བཞི་”ཚ་ཤུགས་ཆེ་བའི་ལག་ལེན་ཁྲོད་ན་གཞོན་གྱི་འགན་འཁྲི་མངོན་པ་དང་། མི་སྒེར་གྱི་ཕུགས་བསམ་མངོན་འགྱུར་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཐུན་མོང་ཐོག་མཉམ་འགུལ་འཕེལ་རྒྱས་ཡོང་བ་བྱེད་དགོས་ཅེས་གསུངས།
ངོ་སྤྲོད་བྱས་པར་གཞིགས་ན། ནུབ་རྒྱུད་འཆར་གཞིའི་བོད་ལྗོངས་རྣམ་གྲངས་གཞུང་དོན་ཁང་གིས་རྒྱུན་མཐུད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཕྱོགས་ཡོངས་ནས་དང་བླངས་ཞབས་ཞུའི་ལས་དོན་གྱི་ཆུ་ཚད་མཐོར་གཏོང་གིས་དང་བླངས་སྙིང་སྟོབས་དེ་གངས་ལྗོངས་ས་མཐོའི་ཐོག་དེ་བས་མཛེས་སྡུག་ལྡན་པ་དང་གཟི་འོད་འཕྲོ་ཐུབ་པ་བྱེད་རྒྱུ་ཡིན་པ་རེད།
བསོད་བསྟན་གྱིས་བསྒྱུར།