གུང་གསེང་རིང་བདག་ལ་དགོད་བྲོ་བ་དང་སྐྱོ་དགོས་པའི་གནས་ཚུལ་ཧ་ཅང་མང་པོ་ཞིག་དང་འཕྲད་བྱུང་། དེའི་ནང་ནས་ང་ལ་བག་ཆགས་ཟབ་ཤོས་ཀྱི་གནས་ཚུལ་ཞིག་ལྷན་རྒྱས་ཚོར་ཞུས་ན།
ཉིན་ཞིག་ལ་ང་དང་ངའི་རྩེད་རོགས་མཉམ་དུ་ཁྲོམ་སྐོར་ལ་ཕྱིན་པ་ཡིན། དེ་དུས་ངེད་གཉིས་མ་གཏོགས་མཉམ་དུ་ཕ་མ་དང་སྤུན་མཆེད་གང་ཡང་ཁྲིད་མེད། དེ་ཉིན་ནི་ངེད་གཉིས་རོགས་པ་མེད་པར་གཅིག་པུ་ཕྱིན་པའི་ཉིན་ཐོག་མ་དེ་ཡིན།
ངེད་གཉིས་ཁྲོམ་སྐོར་ལ་འགྲོ་བའི་ལམ་བར་དུ་སྤྲང་པོ་ཞིག་དང་ཐུག་བྱུང་། དེས་ངེད་གཉིས་ཀྱི་མདུན་དུ་པུས་མོ་ས་ལ་བཙུགས་ནས་སྒོར་མོ་སྤྲོད་རོགས་ཞེས་ཞུ་བ་འཐེན་གྱི་འདུག་པས། ངེད་གཉིས་གཅིག་ངོ་གཅིག་ལ་ལྟ་བཞིན“སྒོར་མོ་གཅིག་ལོར་ཡོད་དམ”ཞེས་ཕན་ཚུན་འདྲི་རེས་བྱས་ནས་ཅུང་ཙམ་ཕྱིན། ངེད་གཉིས་ཀར་གཅིག་ལོར་མེད་པས་ངའི་རྩེད་རོགས་ཀྱིས“སྤྲང་པོའི་རྩ་ནས་གཅིག་ལོར་བརྗེ་ཆོག་གི་རེད”ཟེར་བཞིན་སྤྲང་པོའི་འཁྲིས་སུ་བསྐྱོད། དེ་ནས་ཅུང་ཙམ་སོང་རྗེས་རྩེད་རོགས་ངོ་མདོག་འགྱུར་བཞིན་ངའི་མདུན་དུ་ཚུར་ཡོང་གི་འདུག ངས“ཅི་བྱས་སོང་ངམ”ཞེས་དྲིས་པས། ངའི་རྩེད་རོགས་ཀྱིས་ང་ལ“ངས་ད་གིན་སྒོར་གཅིག་ལས་སྤྲད་རྩིས་མེད་པས། སྤྲང་པོར་སྒོར་ཉི་ཤུ་བསྲིངས་ནས་སིལ་མ་བརྗེ་རོགས་ལབ་བསམ་མོད། སྤྲང་པོ་དེས་ཐོད་པ་ས་ལ་གཏུག་བཞིན‘ཡག་བྱུང’‘ཡག་བྱུང’ཞེས་དགའ་ཚོར་ཆེན་པོ་བྱེད་ཀྱི་འདུག་པས། ངས་སིལ་མ་བརྗེ་རོགས་ཤོད་ཕོད་མ་བྱུང”ཟེར། སྐད་ཆ་དེ་གོ་མ་ཐག་ང་དགོད་ཤོར་ནས་གྲོད་པར་ཡང་ན་ཟུག་བཏང་། མོ་རང་ཡང་ངའི་མཇུག་མཐུད་དེ་བགད་བྱུང་། མཐའ་མཇུག་ངས་མོ་ལ“སྐྱོན་ཡོད་མ་རེད། དེ་ཁོ་ལ་ཕན་གྱི་རེད་”ཅེས་བཤད་པས། མོས་ཀྱང“རེད་རེད”ཟེར་ནས་དེ་ལྟར་འདོད་པའི་རྣམ་འགྱུར་བསྟན།
ངེད་གཉིས་ལ་ལྷག་མ་སྒོར་ཉི་ཤུ་ལས་མེད་པས། དེས་རྔན་པ་འགའ་ཉོས་ནས་སྐད་ཆ་ལབ་ཞོར་དང་རྔན་པ་ཟ་ཞོར་བྱས་ཏེ་ནང་ལ་ལོག དེ་ནི་ངའི་ངོས་ནས་གུང་གསེང་སྐབས་བརྗེད་དཀའ་བའི་མཐོང་ཐོས་མྱོང་གསུམ་གྱི་ཉིན་མོ་ཞིག་གོ །
འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༨(༦)
ཟུར་ཁྲིད་དགེ་རྒན། དགའ་བཟང་།