西藏青年报藏文版རྩོམ་རིག་དགའ་ཚལ། 《ཆོས་རྗེ་ལོ་རས་པའི་རྣམ་ཐར་》ལས་ཨ་མདོའི་སྐད་ཀྱི་ཕྲད་དང་ཐ་སྙད་སྐོར་ཅུང་ཙམ་གླེང་བ། ༄༅། །བརྗེད་དཀའ་བའི་ཉིན་མོ་ཞིག ། དོན་དག་ཆུང་ཙག་ནས་འགྱུར་ལྡོག་གཏོང་འགོ་ཚུགས་པ།

放大 缩小 默认

《ཆོས་རྗེ་ལོ་རས་པའི་རྣམ་ཐར་》ལས་ཨ་མདོའི་སྐད་ཀྱི་ཕྲད་དང་ཐ་སྙད་སྐོར་ཅུང་ཙམ་གླེང་བ།

གཅིག རྣམ་ཐར་ཁྲོད་ཀྱི་ཨ་མདོའི་སྐད་ཀྱི་ཕྲད་དང་ཐ་སྙད།

༡ དང་ཞེས་པའི་འཇུག་ཚུལ།

སྤྱིར་ཨ་མདོའི་སྐད་ཀྱི་ཁྲོད་དུ་བྱ་ཚིག་གི་རྗེས་སུ་བཏང་ངམ་དང་ཞེས་པའི་སྒྲ་ཞིག་སྦྱོར་ཞིང་། དེས་ལས་ཤིག་བྱས་ཟིན་པའམ་གྲུབ་ཟིན་པའི་དོན་སྟོན་གྱི་ཡོད་ལ། ཚིག་མཐའ་དེ་ཉིད་བྱེད་འབྲེལ་ལས་ཚིག་གི་མཐར་སྦྱར་ནས་ཆེ་གེ་མོས་དོན་གང་ཞིག་བསྒྲུབས་ནས་ཚར་བ་མཚོན། དེ་ཡང་། བྱ་བྱེད་ཐ་དད་མིན་དང་བྱེད་འབྲེལ་བྱེད་མེད། འབྲས་བརྗོད་བྱ་ཚིག་སོ་སོར་འཇུག་མི་འཇུག་པའི་དབྱེ་བ་ཡོད་རུང་གཏན་སྲོལ་མ་ལག་རང་བཞིན་ཅན་ཞིག་མ་རྙེད་པས་ཨ་མདོའི་སྐད་སྨྲ་བ་པོ་རང་ཉིད་ཀྱི་ངག་འགྲོས་ལ་མཐུན་དགོས་པར་ཡོད་སྣང་། དཔེར་ན། ལས་བྱ་བྲིས་དང་ང་། རྒྱུགས་བླངས་དང་ཞེས་པ་ལྟ་བུ་ཟེར། དེ་ཡང་འཇུག་ཚུལ་འདི་རིགས་ཐད་ཀར་སྒྲ་ལ་ཕབ་དུས་བཏང་ཞེས་འབྲི་མཁན་ཡང་མི་ཉུང་བ་ཞིག་ཡོད།

ཐལ་ཞེས་པ་མདོ་ཁམས་ཀྱི་ཁ་སྐད་ན་མང་པོ་ཡོད་པར་སྙམ་སྟེ། ཚད་མའི་གཞུང་ཕུད་པའི་བསྟན་བཅོས་གཞན་ན་མང་དུ་སྤྱོད་པ་མ་མཐོང་། དཔེར་ན། ཤོག་ངོས༦༩ལ། ངེད་གཉིས་སེམས་སོས། དགའ་དང་ངོ་གསུང་། རྣམ་ཐར་གྱི་ནང་དུ་ཡབ་ཡུམ་གཉིས་ལ་ཐུགས་ཁོ་ཐག་ཆོད་པའི་ཕྱིར་ཆོ་འཕྲུལ་ཡ་མ་ཟུང་བསྟན་པས། རྒན་རྒོན་གཉིས་ཡིད་ཚིམས། སེམས་སོས། དགའ་དང་ངོ་ཞེས་གསུངས་པ་དེ་ཡིན།

༢ ག་རེ་ཞེས་པའི་འཇུག་ཚུལ།

དེ་ཡང་ཨ་མདོའི་ཁ་སྐད་དུ། ཐེ་ཚོམ་མམ་དྲི་བའི་ཉམས་ཅུང་ཟད་དང་ལྡན་པའི་ཁ་ཚིག་ག་རེ་ཞེས་པ་ནི་རྒྱུན་པར་སྤྱོད་སྒོ་ཧ་ཅང་ཆེ་ལ། དཔེར་ན། ག་རེ་ད་ཅི་བྱེད་དགོས་ཀི ག་རེ་ང་ལ་ཅིག་སྟོན། ལྟ་བུའོ། །

དཔེར་ན། ཤོག་ངོས༥ལ། ག་རེ་ལུས་ཆོས་ཀྱི་དབྱིངས་སུ་སྡོད་པས་མི་ཕན། ཤོག་ངོས༡༡ལ། དེར་སྲས་ཀྱི་ཐུགས་ལའང་ག་རེ། ཞང་པོ་དེ་སྐད་ཟེར་བ་ཡང་བདེན། རྣམ་ཐར་འདིའི་ནང་དུ་ག་རེ་ཞེས་པ་སྤྱད་ཡོད་པ་གསུམ་པོ་ནི་ཆོས་རྗེ་ཉིད་འཁོར་བའི་འཆིང་རྒྱ་ལས་མ་གྲོལ་བའི་བར། ཅི་སྟེ་འདི་འདྲ་བྱེད་དགོས་སམ་དགོངས་པའི་ཐེ་ཚོམ་གྱི་དུས་ལ་ཡིན། དང་པོ་དེ་རྗེ་བཙུན་མི་ལ་རས་པ་ཆོས་དབྱིངས་སུ་སྡོད་དུས་འཁོར་བ་དོང་སྤྲུགས་གཅིག་བྱས་ན་ཨེ་མི་དྲག་དགོངས་པ་ལྟ་བུ་དང་། གཉིས་པ་གསུམ་པ་ནི་ལོ་རས་པས་ད་གང་དྲག ཐབས་ཅི་བཀོལ། ཡབ་ཡུམ་ལ་འགྲོ་བ་ཡིན་ཟེར་རམ་མི་ཟེར་སྙམ་ཐེ་ཚོམ་ཟ་བའི་སྐབས་དེ་ཡིན།

༣ མོད་ཅེས་པའི་འཇུག་ཚུལ།

གཞན་ཡང་ཨ་མདོའི་ཁ་སྐད་ནང་གི་ཚིག་མཐའ་མོ་ཞེས་པའི་སྒྲ་དང་ཉེ་བ་ཞིག་ཡོད་པ་ནི་མོད་ཅེས་སུ་བྲིས་འདུག་ཅིང་། མོད་ལ་ནང་དོན་གྱི་ཆ་ནས་གཙོ་ཆེར་ནང་གསེས་གསུམ་ཡོད་པར་སེམས་ལ།

གཅིག ཕྱི་ཚིག་འགལ་བའི་དོན་ལ་འཇུག་པ། དཔེར་ན། ཁོ་ནོར་ཡོད་མོད། ད་ནི་ཐབས་མེད།

གཉིས། དོན་ག་གེ་མོ་ཞིག་བྱེད་པའི་ཞོར་དུ་ཞེས་པའི་དོན་ལ་འཇུག་པ། དཔེར་ན། དེབ་བཀླགས་པའི་མོད་ལ་ཡི་གེ་བྲིས།

གསུམ། ཡིད་ཚོད་ཐག་བཅད་པའི་ཆ་ཤས་ཆེ་བའི་དོན་ལ་འཇུག་པ། དཔེར་ན་འདི་གའི་དཔེར་བརྗོད་དང་ཁ་སྐད་ཁྲོད་ཀྱི་དཔེ་དག་གི་འཇུག་ཚུལ་ལོ། །

ཁ་སྐད་དུ། དེ་ད་བདེན་གི་མོ། ངས་དེ་བསམས་ནི་ཡིན་མོ། ཞེས་ཚིག་གི་ཉམས་འགྱུར་གང་རུང་ཞིག་སྟོན་གྱི་ཡོད་ལ། གཞན་འཐད་པའམ་མི་འཐད་པའི་སྐོར་ལའང་འབྲེལ་བ་ངེས་ཅན་ཡོད་པར་སྣང་། དཔེར་ན། ཤོག་ངོས༩ལ། འོ་ན་ཁྱེད་ཚོས་གཉེན་ཡ་འཐད་པ་ཞིག་བལྟ་བ་ཡིན་མོད་ཟེར། ཤོག་ངོས༦༤ལ། དེ་ངེད་ཚོ་ལ་རྒྱུས་ཡོད་མོད་བྱས་པས། ཤོག་ངོས༦༥ལ། ཁྱེད་རང་གཉིས་ཕྱི་མ་འཁོར་བར་མི་འཁྱམ་ཞིང་ལམ་སྣ་འདྲོངས་པ་ཡིན་མོད།

རྣམ་ཐར་དུ་ཡོད་པ་འདི་གསུམ་ནི་ཡིད་ཚོད་ཐག་བཅད་པའི་ཆ་ཤས་ཆེ་ཞིང་། མནའ་མ་བསུ་བ་ལ་ཡབ་ཡུམ་གཉིས་ཀྱིས་གཉེན་ཡ་ཚོའི་བསམ་པ་ལ་བལྟ་བ་དང་། སྒོམ་ཆེན་པ་དག་ལ་ལོ་རས་པའི་སྒྲུབ་གནས་ལ་རྒྱུས་ཡོད་པ་དང་། རྗེ་དཔོན་གྱིས་ཡབ་ཡུམ་གཉིས་ལ་ཆོས་རྗེ་གཙང་པ་རྒྱ་རས་རྩར་སོང་བས་ཕྱི་མར་ཕན་པར་གདམས་པ་སོགས་ཁ་ཚོན་བཅད་པའི་ངག་གི་ཉམས་བསྟན།

༤ཚོ/ཟོ་ཞེས་པའི་འཇུག་ཚུལ།

ངེས་གཟུང་བྱའི་དོན་དེ་ག་རང་ལའམ། དེ་དང་འདི་སོགས་ཚབ་ཚིག་གི་རྗེས་སུ་སྦྱར་ཏེ་བསྐྱར་དུ་དོན་དེ་སྟོན་པར་བྱེད་པའི་སྒྲ་ཟོ་ནི་ཨ་མདོའི་སྐད་ཁྲོད་མེད་དུ་མི་རུང་བའི་བརྡ་ཞིག་ཡིན་ལ། དགར་བའི་དོན་ལྟ་བུ་ཞིག་ལ་ངོས་བཟུང་ནའང་འགྲིག་པར་སྣང་། དཔེར་ན། དེ་ཟོ་ཁྱོས་བཤད་ཐལ། ཁྱོས་དེ་མོ་དེ་ཟོ་མི་ཤེས་པ་ལྟ་བུ། འདི་ཉིད་ལ་དམིགས་བསལ་བའི་དོན་ཅང་མེད་པར། བསྟན་བྱ་དེ་དམིགས་སུ་བཀར་ནས་བཤད་པའི་ནུས་པ་དང་ལྡན། རྣམ་ཐར་འདིའི་ནང་ཨ་མདོའི་སྐད་ཁྲོད་ཀྱི་ཟོ་ཞེས་པའི་གནད་འདིའི་སྤྱོད་སྟངས་དང་ཧ་ཅང་མཐུན་པར་ཡོད་པ་ཞིག་བྱུང་ཞིང་། མ་འདྲ་ས་ནི་ཚོ་ཞེས་པའི་སྒྲ་འདི་འཁོད་འདུག་པའོ། །

དཔེར་ན། ཤོག་ངོས༦༤ལ། ད་རེས་ཀྱི་ཡོན་བདག་ཕྱུག་པོ་འདིའི་ཟེར་ལུགས་ཚོ་མཐུན་བྱུང་། ཤོག་ངོས༦༤ལ། ལོ་རྒྱུས་ཚོ་ཞིབ་ཏུ་བསྙད་པ་སོགས་ལས། ཚིག་སྔ་མ་ནི་སྒོམ་ཆེན་དག་གིས་ལོ་རས་པའི་ཟེར་ལུགས་དང་ཡབ་ཡུམ་གྱི་ཟེར་ལུགས་དེ་གཉིས་ནི་མཐུན་བྱུང་ཞེས་པ་དང་། ཕྱི་མ་ནི་སྒོམ་ཆེན་ཚོས་ཡབ་ཡུམ་གཉིས་ལ་ཕར་གནས་ཚུལ་འདྲ་བཤད་ཅེས་པའི་དོན་ཡིན།

༥ ཡག་ཅེས་པའི་འཇུག་ཚུལ།

ཨ་མདོའི་ཁ་སྐད་དུ་ཚད་རིམ་སྟོན་པའི་བསྣན་མིང་དམིགས་བསལ་བ་ཡག་ཅེས་པ་ནི་བྱ་ཚིག་གི་རྗེས་སུ་སྦྱར་ནས། ཡོངས་སུ་ཞེས་པའམ། གཏིང་ནས་ཞེས་པའི་ཚད་རིམ་སྟོན་གྱི་ཡོད་ལ། ལྷག་པར་དུ་དོན་དག་གང་ཞིག་སྐུལ་བར་འཇུག་དུས་སུ་སྤྱོད་ཅིང་། དཔེར་ན་ལྟ་ཡག་བྱོས། བཤད་ཡག་བྱས་བཞག་ཡོད་ལྟ་བུ། དཔེར་ན། ཤོག་ངོས༨༥ལ། འདི་འདྲ་ཨར་ཇག་པའི་མགོ་འཚོ་ཡིན་པར་འདུག་ཟེར་བརྡུང་ཡག་གཅིག་བྱས་ནས་བཏང་ངོ་། །

༦ ཐལ་ཞེས་པའི་འཇུག་ཚུལ།

ཐལ་ཞེས་པ་གནའ་དུས་སུ་ཐལད་ཅེས་འབྲི་སྲོལ་རྣམ་པ་གཞན་ཞིག་ཡོད། དེ་ཡང་ཐལ་ནི་དུས་རབས་དགུ་པར་སྐད་གསར་བཅད་ཐེངས་གསུམ་པར་གཏན་ལ་ཕབ་པའི་འབྲས་བུ་ཡིན།

དེང་རབས་ཨ་མདོའི་སྐད་ལས་མངོན་པ་ནི་འདི་འདྲའི“ཐལ”གྱིས“སྐབས-ར་སྤྲོད”་ཀྱི་མཚོན་རྟགས་བྱེད་ཆོག་པར་མ་ཟད། ར་སྤྲོད་ཀྱི་མཚོན་རྟགས་ཁོ་ན་བྱས་ནས་ཆ་འཕྲིན་འབྱུང་སའི་ཁུངས་ཀྱི་སྙིང་པོ་མཚོན་ན་ཡང་ཆོག་པ་རེད། དཔེར་ན་དེང་སང་ཨ་མདོའི་ཨ་རིག་སྐད་ཆ་ལ་མཚོན་ན། དཔེར་མཚོན་རང་བཞིན་གྱི་གྲུབ་ཟིན་འདས་ཟིན་གྱི་མཚོན་རྟགས་ཤིག་ཡིན་པར་མ་ཟད། ད་དུང་ར་སྤྲོད་སྟངས་ལས་མངོན་སུམ་གྱི་ཁོངས་གཏོགས་ཀྱི་མཚོན་རྟགས་ཀྱང་བྱེད་དོ། །

དཔེར་ན། ཤོག་ངོས༧༡ལ། བདག་གི་བུམ་ལུས་ནས་ལེན་དུ་ཡོང་བས་མཚོའི་དར་ཞིག་ནས་ཐལ་ཞུས་པས། ཐལ་གྱི་སྤྱོད་སྟངས་འདི་ནི་བྱ་ཚིག་སོང་བའམ་ཕྱིན་པའི་དོན་ནས་ར་སྤྲོད་སྟངས་དང་སྐབས་མཚོན་པའི་མཚོན་རྟགས་ཤིག་ཏུ་འཕེལ་བའི་བར་བརྒལ་གྱི་དུས་ཡིན་པར་འདོད།

གོང་གསལ་གྱི་དོན་སོ་སོ་བ་རང་ཚུགས་སུ་སྟོན་མི་ཐུབ་པའི་ཨ་མདོའི་སྐད་ཀྱི་ཁ་སྐད་དུ་སྤྱོད་བཞིན་པའི་ཕྲད་དག་ལས་གཞན་ད་དུང་ཨམ་སྐད་དུ་རྒྱུན་འབྱམས་སུ་སོང་བའི་ཐ་སྙད་ཁག་ཅིག་མཆིས་ལ། དེ་ནི་རྣམ་ཐར་འདིའི་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་རེད།

དཔེར་ན། ཤོག་ངོས༡༠ལ་གསུས་པ་ལྟོགས། ཤོག་ངོས༡༡ལ་ཉ་ར་བྱས། ཤོག་ངོས༥༨ལ་དར་ཆགས། ཤོག་ངོས༨༥ལ་ཁ་རོག་ལྟ་བུ། གསུས་པ་ལྟོགས་ཞེས་པ་ལས་གཞན་མང་ཆེ་བ་རོང་ཁུལ་ཙམ་དུ་མ་ཟད་ཨ་མདོའི་རོང་འབྲོག་གཉི་གས་བཤད་པའི་སྐད་ཆ་ཞིག་ཡིན་པར་སྣང་ལ། ས་ཆ་གཞན་ནས་ཡིག་སྐད་དུ་འཛིན་པ་ལྟ་བུའི་གྲས་སོ། །

(ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རྩོམ་རིག་སློབ་གླིང་གི་ལོ་རིམ་གསུམ་པའི་སློབ་མ་དཀར་རྒྱན།)

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明