དགུན་དགྲ་བོ་ལྟ་བུ་ཡོལ་བ་དང་དཔྱིད་ཕ་མ་ལྟ་བུ་སླེབས་བྱུང་། རེད་ཡཱ། དཔྱིད་ཀ་ནི་མི་ཚང་མས་དགའ་པོ་བྱེད་པའི་དུས་ཤིག་ཡིན་ཞིང་། དཔྱིད་ཀ་ནི་རང་བྱུང་ཁོར་ཡུག་གིས་ང་ཚོར་གནང་བའི་ལག་རྟགས་ཀྱང་རེད།
ཞོགས་པ་སྔ་པོ་ང་ཡར་ལངས་ཚར་རྗེས་སྒེའུ་ཁུང་ལས་བལྟས་པས། ཡ་མཚན་པ་ཞིག་ལ་རི་བོ་ཚང་མ་སྨུག་པས་བཏུམས་ཏེ་མཐོང་ལ་མི་མཐོང་དུ་གྱུར་འདུག རྣ་བས་ཞིབ་ཏུ་ཉན་ཚེ་ཝ་ཁ་ལས་ཆར་ཆུའི་རོལ་མོ་དཀྲོལ་བ་དང་གཉིས་སུ་མ་མཆིས་པར་ཤག་ཤག་ཏུ་འབབ། སྣ་ཡིས་སྣོམ་དུས་མཁའ་རླུང་གཙང་མའི་དྲི་དང་རྩྭ་རྩི་ཤིང་ངམ། ཡང་ན་ས་འདམ་དྲོད་པའི་དྲི་སྣ་ཚོགས་སྣ་ལ་འཐུལ། དཔྱིད་ཀའི་ཆར་པ་འབབ་སྐབས་མི་རྣམས་གཟུགས་པོ་ལ་ཁྲུས་བྱེད་པ་ལྟར་མགོ་ནས་གཞུག་བར་རློན་པར་བྱེད།
ང་སློབ་གྲྭར་འགྲོ་བའི་ལམ་བར་དུ། གནམ་གཤིས་ནི་ཧ་ཅང་སྐྱོ་པོ་ཡོད། འབྲུག་སྒྲ་གྲགས་པ་དང་། ཆར་རླུང་ལྡང་བ་སོགས་བྱེད། སློབ་ཚན་མ་གྲོལ་གོང་གནམ་གཤིས་ཧ་ཅང་ཡག་པོ་ཡོད་དེ། ཉི་མ་ཚ་ལམ་མེར་འཕྲོ། འོན་ཀྱང་ཕྱི་ལ་བསྐྱོད་སྐབས་སླར་ཡང་རླུང་འཚུབ་ལྡང་ཞིང་ཆར་ཆུ་ཤག་ཤག་ཏུ་འབབ་པ་དང་། ཐ་ན་ཁ་བ་ཡང་འབབ། དེ་ནི་བདག་གི་ཨ་མྱེས་གསུང་པ་བཞིན། “དཔྱིད་ཉི་རིང་པོ་དྲོ་གསུམ་གྲང་གསུམ་དང་། མི་ཚེ་རིང་པོ་སྐྱིད་གསུམ་སྡུག་གསུམ”ཟེར་བའི་དཔེ་དང་ཤིན་ཏུ་མཐུན།
ད་དུང་ང་ཚོ་ཡང་དུས་རྒྱུན་དུ་དཔྱིད་ཀའི་གནམ་གཤིས་ལྟར་འགྱུར་ལྡོག་འགྲོ་སླ་པོ་བྱེད་རྒྱུ་མེད། ལས་གང་དང་དཀའ་ངལ་གང་འཕྲད་ཀྱང་མི་གཞན་ལ་འཁང་ར་མི་བྱེད་པ་དང་། རང་གི་ནུས་ཤུགས་ཡོད་ཚད་བཏོན་ནས་ལས་ཀ་སྒྲུབ་དགོས། །
འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༧(༤)
ཟུར་ཁྲིད་དགེ་རྒན། དགའ་བཟང་།