西藏青年报藏文版ཕྱོགས་བསྡུས། རྒྱལ་ཡོངས་ཀྱི་རིག་ནུས་གློག་དྲ་ཆུང་ངུའི་དྲོད་མཁོ་འདོན་རྣམ་གྲངས་ཐོག་མ་ནག་ཆུར་སྤྱོད་འགོ་ཚུགས་པ། ཚེ་བརྟན་གཡུ་སྒྲོན་གྱིས་ཨང་དང་པོ་བླངས་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ། དམིགས་ཚད་ཁག་9ཡི་འཕར་ཚད་ཚང་མ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་ཡོང་འབབ་འཕར་ཚད་“རྒྱལ་ཡོངས་ཀྱི་ཨང་དང་པོ་གསུམ་”མངོན་འགྱུར་བྱུང་བ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ།

放大 缩小 默认

རྒྱལ་ཡོངས་ཀྱི་རིག་ནུས་གློག་དྲ་ཆུང་ངུའི་དྲོད་མཁོ་འདོན་རྣམ་གྲངས་ཐོག་མ་ནག་ཆུར་སྤྱོད་འགོ་ཚུགས་པ།

ཉེ་ཆར། རྒྱལ་ཁབ་ནུས་རྒྱུ་ཚོགས་པ་དང་མཉམ་འབྲེལ་སྒུལ་ཤུགས་ནུས་རྒྱུ་གསར་པའི་བྱ་གཞག་པུའི་ཏང་ཀྲི་པུས་འགག་སྒྲོལ་བྱས་པའི་རྒྱལ་ཡོངས་ཀྱི་སྨི་5000རིམ་པའི་ས་བབ་ཧ་ཅང་མཐོ་བའི“རླུང་ནུས་དང་འོད་ནུས་ནུས་གསོག་བཅས་གཞི་གཅིག་ཅན”གྱི་རིག་ནུས་གློག་དྲ་ཆུང་ངུའི་དྲོད་མཁོ་འདོན་རྣམ་གྲངས་ཐོག་མ་ནག་ཆུ་སྙན་རོང་རྫོང་གཡུ་མཆོག་ཤང་ཁམས་ཁུག་གྲོང་ཚོར་གྲུབ་འབྲས་ཐོབ་པའི་ངང་སྤྱོད་འགོ་ཚུགས་ཡོད། གློག་དྲ་ཆུང་ངུའི་གློག་མཁོ་འདོན་མ་ལག་རྣམ་གྲངས་དེས་གྲོང་ཚོ་ཨུ་ལྷན་གྱི་གློག་སྤྱོད་འགན་ལེན་དང་ལེ་ལག་ཚང་སྒྲིག་གི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བར་སྟབས་བདེ་བསྐྲུན་ཡོད་པ་རེད།

སྙན་རོང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱལ་ཁབ་ནུས་རྒྱུ་ཚོགས་པའི་བོད་སྐྱོར་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་པའེ་མིང་གིས། ང་ཚོས་རྒྱལ་ཁབ་ནུས་རྒྱུ་ཚོགས་པའི་ནུས་རྒྱུ་གསར་པའི་ལག་རྩལ་གྱི་ལེགས་ཆ་སྤྱད་དེ་ས་བབ་ཧ་ཅང་མཐོ་བའི་ཁོར་ཡུག་ཏུ་གྲང་ངར་ཤིན་ཏུ་ཆེ་བ་དང་། དྲོད་ཁྱད་ཆེ་བ། མཁའ་རླུང་འདུས་ཚད་དམའ་བ་སོགས་རྐྱེན་གྱིས་ཐོན་རྫས་ཀྱི་གློག་མཁོ་འདོན་ནུས་པ་ཞན་པ་དང་འཁོར་སྐྱོད་བརྟན་པོ་མེད་པ་སོགས་ཀྱི་དཀའ་གནད་བསལ་ཏེ། རྒྱལ་ཡོངས་ཀྱི་ས་བབ་མཐོ་ཚད་སྨི་ལྔ་སྟོང་ཟིན་པའི་རིག་ནུས་གློག་དྲ་ཆུང་ངུའི“རླུང་ནུས་དང་འོད་ནུས་ནུས་གསོག”བཅས་ཀྱི་གློག་དང་དྲོད་མཁོ་འདོན་རྣམ་གྲངས་ཐོག་མ་བསྐྲུན་ནས། ས་གནས་དེ་གའི་མང་ཚོགས་ཀྱིས་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་བྱེད་པའི་གློག་དང་དྲོད་མཁོ་འདོན་གྱི་དཀའ་གནད་ཐག་གཅོད་ནུས་ལྡན་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

ཁམས་ཁུག་གྲོང་ཚོ་ནི་གདང་ལའི་བྱང་རྒྱུད་དུ་གནས་ཤིང་ས་བབ་མཐོ་ཚད་སྨི་5000ཟིན་པས་ཐག་རིང་ལུང་ཁུག་ཅིག་རེད། དེ་གོང་སྟབས་བདེའི་འོད་ཤུགས་ཤེལ་ལེབ་ལྷུ་སྒྲིག་གིས་གློག་སྒྲོན་དང་ལག་ཐོགས་ཁ་པར་ལ་གློག་གསོག་པ་སོགས་ལས་ཕན་ཐོགས་གཞན་མེད། དེར་བརྟེན། གྲོང་ཚོའི་གློག་དང་དྲོད་མཁོ་འདོན་གྱི་དཀའ་གནད་ཐག་གཅོད་བྱ་ཆེད། རྣམ་གྲངས་ཚོགས་ཆུང་གིས་དུས་འགོའི་ལས་དོན་ཏན་ཏིག་བསྒྲུབས་ཏེ་ཚོད་རྩིས་བྱས་པ་བརྒྱུད་ཁམས་ཁུག་གྲོང་ཚོར་དགུན་དཔྱིད་གཉིས་ཀར་ལྷགས་པ་ཅུང་ཆེ་སྐབས་དྲོད་གཏོང་དུས་ཚིགས་དང་ཧ་ལམ་དུས་གཅིག་ལ་འཁེལ་ཡོད་པ་དང་། ཉི་ནུས་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་ཤིང་ལོ་རེར་ཆུ་ཚོད་1754བེད་སྤྱོད་རྒྱུ་ཡོད་པ་དང་། གྲོང་ཚོའི་ཨུ་ལྷན་གྱི་ཉིན་རེའི་ཆ་སྙོམས་གློག་སྤྱོད་དགོས་མཁོ་ཆན་ཝ་ཆུ་ཚོད་112.925ཟིན་པ་བཅས་ཤེས་རྟོགས་བྱུང་བ་རེད།

དམ་ཆོས་མི་ཕམ་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明