西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །ན་སོ་རྒས་ཀྱང་སྙིང་སྟོབས་ཉམས་པ་མེད། ༄༅། །བདག་གི་ཕ་ཡུལ། ༄༅། །ངའི་སློབ་སྦྱོང་དང་འབྲེལ་བའི་གཏམ་ཁ་ཤས། ༄༅། །ང་དང་འཇའ་ཚོན་ལྷ་མོའི་གཏམ་རྒྱུད།

放大 缩小 默认

༄༅། །ངའི་སློབ་སྦྱོང་དང་འབྲེལ་བའི་གཏམ་ཁ་ཤས།

□ 作者 ཟླ་བ་དབང་གྲགས།

སློབ་སྦྱོང་གི་སྐོར་བཤད་ན། ངའི་སེམས་ལ་ཨ་ཕའི་སྐད་ཆ་ཞིག་དང་སློབ་ཆུང་སྐབས་ཀྱི་དོན་དག་ཅིག་ཝ་ལེར་དྲན་ཡོང་། ཨ་ཕས་བཤད་ན། སློབ་མའི་ལས་ཀ་གཙོ་བོ་ནི་སློབ་སྦྱོང་ཡག་པོ་ཞིག་བྱེད་རྒྱུ་དེ་རེད། སློབ་སྦྱོང་ལ་ཧུར་ཐག་བྱས་ན་རྗེས་མར་སློབ་ཆེན་ཡག་པོ་ཞིག་འགྲིམ་ཐུབ་པ་དང་། གཞན་ལ་ཕན་ཐོགས་པའི་མི་གོ་ཆོད་ཅིག་ཏུ་འགྱུར་ཐུབ་ཟེར། སློབ་ཆུང་སྐབས་ཀྱི་དོན་དག་དེ་ནི། ཨ་ཕས་ང་རང་སློབ་ཆུང་ལོ་རིམ་གསུམ་པ་ནས་བཙན་གྱིས་ཕ་ཡུལ་དང་སྤྱི་ལེ་བརྒྱ་ལྷག་གི་མཚམས་ན་ཡོད་པའི་རྫོང་སློབ་ཆུང་ལ་བསྐྱལ་ཞིང་། སློབ་གྲྭ་དེར་ཞུགས་མ་ཐག ངའི་མཐོང་སྣང་ལ་རྫོང་གི་སློབ་ཆུང་ནི་ཕ་ཡུལ་གྱི་སློབ་ཆུང་དང་བསྡུར་ན་ལྡབ་འགའ་ཡིས་ཆེ་ལ། དེ་གར་དགེ་རྒན་དང་སློབ་མའང་བགྲང་གིས་མི་ལངས་བ་ཞིག་འདུག འོན་ཀྱང་། ངས་ངོ་ཤེས་པའི་སློབ་གྲོགས་དང་དགེ་རྒན་ནི་གཅིག་ཀྱང་མི་འདུག ངའི་སློབ་སྦྱོང་ཐད་ཀྱི་དཀའ་ཁག་གཙོ་བོ་ནི་ཕ་ཡུལ་དྲན་ནས་མི་བཟོད་པ་དེ་དང་། ཁོར་ཡུག་གསར་པ་དེར་མགྱོགས་པོར་རྒྱུས་ལོན་མ་ཐུབ་པ་བཅས་ཀྱི་དཀའ་ངལ་མང་པོ་འཕྲད་རུང་། སྐབས་དེར་ང་རང་དཀའ་ཁག་དེ་དག་གི་མདུན་ནས་དཔའ་ཞུམ་སོང་། ཕ་ཡུལ་ས་ཐག་རིང་སྟེ་སློབ་གྲྭ་ནས་བྲོས་བྱོལ་དུ་འགྲོ་དགོས་བསམ། སེམས་པ་ནི་གཤོག་པ་ཐོགས་པ་ལྟར་འགྲོ་ཐེངས་བརྒྱ་བྱས་ཡོད། དེ་དུས། སློབ་ཁྲིད་ཀྱི་སྐབས་སུ་ངའི་སེམས་པ་རྒྱུན་དུ་གཡེང་ནས་ཕ་ཡུལ་གྱི་རི་ལུང་ཐང་གསུམ་ན་འཁྱམ་འཁྱམ་ལ་བསྡད་ཡོད། ཐ་ན་མཚན་མོའི་རྨི་ལམ་ལ་འཁོར་ཡོང་བའང་ཕ་ཡུལ་དང་ཕ་མ་རྐྱང་རྐྱང་རེད།

དེ་ལྟར། དུས་ཚོད་གང་འཚམ་ཞིག་ཕྱིན་རྗེས། སློབ་སྐབས་དེའི་དཀྱིལ་རྒྱུགས་ལེན་པའི་དུས་ལ་སླེབས་སོང་། ཉིན་ཞིག གྲངས་རིག་དགེ་རྒན་གྱིས་ང་ཚོ་ལ་རྒྱུགས་བླངས། རྒྱུགས་ཤོག་ལག་ལ་བླངས་ནས་ལྟ་དུས། ང་ནི་ཁ་གདངས་ཤིང་མིག་བགྲད་ནས་བསྡད། རྒྱུགས་ཤོག་ཐོག་ལ་ཅི་ཡང་མ་བྲིས། ཕྱི་ཉིན་དགེ་རྒན་གྱིས་རྒྱུགས་སྐར་བསྒྲགས། སློབ་གྲོགས་མང་པོ་ཞིག་གིས་སྐར་མ100རེ་བླངས་འདུག དགེ་རྒན་གྱིས“ཟླ་བ་དབང་གྲགས”ཞེས་ངའི་མིང་ནས་འབོད་དུས། ངའི་སྙིང་ཆུང་ལུ་གུ་ལྡིང་ལྡིང་བྱས་བྱུང་། “སྐར་མ30”ཞེས་པ་ཐོས་མ་ཐག ང་རང་དབང་མེད་དུ་ངུས་ཤིང་། མིག་ཆུ་ནི་ཕྲེང་ཐག་ཆད་པ་བཞིན་མཁུར་ཚོས་བརྒྱུད་ནས་མར་གྲིལ། ཡུད་ཙམ་ནས་ངའི་ངུ་སྐད་ཇེ་ཆེ་ནས་ཇེ་ཆེར་གྱུར། མཐར་དགེ་སློབ་ཡོངས་ཀྱིས་ང་རང་ངུ་བཞིན་པ་ཤེས། དགེ་རྒན་མགྱོགས་པོར་བརྒྱུགས་འོངས་ནས་ངའི་མིག་ཆུ་ཕྱིས་ཤིང་། བྱམས་བརྩེ་ལྡན་པའི་ངང་ང་ལ་སེམས་གསོ་དང་སྐུལ་མ་གནང་། སློབ་གྲོགས་གཞན་ལ་ཤེས་སུ་མ་བཅུག་པར་ཁ་རོག་གེར་ངའི་ཨམ་ཕྲག་ནང་ལ་འོ་མ་ཀ་ར་ཞིག་བཅུག སློབ་ཁྲིད་གྲོལ་རྗེས། དགེ་རྒན་གྱིས་ད་དུང་ང་རང་ཁོང་གི་གཞུང་ལས་ཁང་ལ་ཁྲིད་ཅིང་། ང་ལ་རྒྱུགས་ཤོག་སྟེང་གི་དྲི་བ་རྣམས་གཅིག་གཅིག་གཉིས་གཉིས་ཀྱིས་བསྐྱར་ཁྲིད་བྱས། ངས་ཀྱང་རིག་པ་བསྒྲིམས་ནས་ཉན་པས་ཚང་མ་ཤེས་སོང་། དོན་དག་དེའི་རྗེས་ནས་བཟུང་། ངས“བསླབ་སྦྱངས་དུས་ན་གཡེལ་བ་དེ། །མཁས་འདོད་བྱ་བ་འབྲས་མེད་ཡིན། །”ཞེས་པའི་ལེགས་བཤད་དེ་སེམས་ལ་དམ་པོར་བཟུང་སྟེ། སློབ་ཁྲིད་ཀྱི་སྐབས་སུ་རྣམ་ཤེས་གཞན་ལ་མ་གཡེང་བར་བློ་རྩེ་གཅིག་སྒྲིམ་གྱིས་མཉན་པས། སྦྱངས་འབྲས་ཀྱང་སྔར་ལས་ཇེ་བཟང་ལ་གྱུར་ཞིང་། དགེ་རྒན་གྱིས་ཀྱང་བསྟོད་པའི་མཐེ་བོང་ཐེངས་དུ་མར་བསྒྲེངས་མྱོང་། །

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明