西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །ལམ་སྟོན་གྱི་སྒྲོན་མེ། ༄༅། །ཨ་མ་དྲན་བྱུང་། ༄༅། །སློབ་འགོ་ཚུགས་སོང་། ༄༅། །ལུག་རྫི་དང་སྤྱང་ཕྲུག

放大 缩小 默认

༄༅། །ཨ་མ་དྲན་བྱུང་།

□ 作者 རིག་འཛིན་རྡོ་རྗེ།

དེ་ཡང་ལོ་ཟླའི་འཁོར་འགྲོས་དང་བསྟུན་ནས་སྟོན་གསུམ་གྱི་དུས་ཚིགས་ཕར་ལ་བསྐྱལ་ཞིང་དགུན་ཟླ་ར་བའི་གོམ་སྒྲ་ནོར་འཛིན་སྒེག་མོའི་ངོས་སུ་འཇོ་སྒེག་དང་བཅས། ཕྱག་ཏུ་ག་བུར་རྡུལ་གྱི་ཁྲུས་བུམ་བསྣམས་ནས་དབྱིག་འཛིན་དགའ་མའི་ངོས་ཀྱི་བཙོག་གྲིབ་དང་ར་རིའི་དྲི་མ་ཐམས་ཅད་བཀྲུས་ཏེ་ལྟ་བས་ཆོག་མི་ཤེས་པའི་རབ་དཀར་བ་སོའི་གཞོང་པ་ལྟར་དུ་སྣང་།

དགུན་ཚུགས་ཀྱི་ཁ་བ་ཐོག་མ་བབས་པ་དང་དུས་མཚུངས། རྒྱང་རིང་ཕ་ཡུལ་ན་བཞུགས་པའི་དྲིན་ཆེན་ཨ་མ་ལགས་དམར་ཆུང་སྙིང་དབུས་ན་འཁོར། དབང་མེད་ཀྱི་ལས་དབང་བཙན་པོས་རང་གི་ལྟེ་ཁྲག་འཕོ་སའི་ཕ་ས་དྲོན་མོ་བཞག་ནས་གཞན་ཡུལ་གྲང་ཤུར་གྱི་ལུང་པར་ཕུགས་བསམ་ཞེས་པའི་མིང་བརྡ་སྙན་མོ་ཞིག་གི་ཆེད་དུ་ལང་ཚོ་དང་དུས་ཚོད་རིམ་གྱིས་བཞུར་བཞིན་དྲན་གདུང་གི་གཉེར་རིས་ལོ་ཟླའི་ཐོད་པར་རིམ་གྱིས་བརྩེགས། རང་ཉིད་ཀྱི་མི་ཚེའི་མདུན་ལམ་ཆེད་དུ་འདུ་རྒོད་ཀྱི་མེ་དབལ་ཚ་བའི་གྲོང་ཁྱེར་འདིར་ཕུགས་བསམ་དང་རེ་འདོད་གཅིག་པའི་སྐྱེ་བོ་འགའ་ཞིག་དང་སྐྱིད་སྡུག་མཉམ་མྱོང་བྱེད་རྒྱུ་བྱུང་བ་ནི་ལས་འབྲས་རྟེན་འབྱུང་གི་ཉེར་ལེན་རྐྱེན་གྱིས། བགྲང་བྱ་བཅུ་ལྷག་བཀའ་དྲིན་མཚུངས་ཟླ་བྲལ་བའི་བཤེས་གཉེན་མང་དག་ཅིག་བསྟེན་ཏེ། ཤེས་བྱ་ཡོན་ཏན་གང་ལ་གང་འཚམ་ཞིག་ཐོབ་པ་དེ་ཡང་རང་ཉིད་ཀྱི་བསམ་བློའི་རྒྱགས་ཆ་ཆེ་ཤོས་ཤིག་ཏུ་སེམས།

དེ་ཡང་ཁ་དཔེར“བཏང་དགོས་བྱུག་དགོས་ཟེར་མཁན། །མགོ་བོའི་སྐྲ་ལས་མང་བ། །ནམ་གཞུག་ཕ་མས་སྐྱོང་སྐྱོང་། །སྐྱོང་མཁན་ཁག་པོ་ཡིན་འགྲོ། །”ཟེར་བ་ལྟར་བདག་གི་ཨ་མ་ནི་ཁྱིམ་ཚང་གི་བཟའ་མི་བུད་མེད་གཅིག་པུ་དེ་ཡིན་ཞིང་། བྱས་ནས་ཚར་རྒྱུ་མེད་ཅིང་ཚར་ནས་བསྟན་རྒྱུ་མེད་པའི་འཇིག་རྟེན་གྱི་བྱ་བས་ཁོང་གི་ལུས་སེམས་ཡོངས་སུ་མནན་ཏེ། དཀར་ལ་དམར་མདངས་ལྡན་པའི་ཞལ་རས་དེ་གཉེར་མའི་གྲོག་ཤུར་དུ་གྱུར། སྐུ་གཟུགས་སྡོང་རྒན་བཞིན་སྒུར་ལ་གནག་སྣུམ་གྱི་དབུ་ཐོད་ངོས་སུ་སྐྲ་དཀར་གྱི་ཕོ་ཉ་སླེབས་ཟིན། དེ་བས་སེར་སྲུབས་གས་པའི་ཕྱག་ཟུང་རྩུབ་མོ་དེ་བདག་གི་འདྲེན་བྱེད་ལམ་དུ་འཆར་ཐེངས་རེར། གློ་རྒྱུ་མའི་མཚམས་སུ་ན་ཟུག་དང་སྨྲ་བསམ་བརྗོད་དུ་མེད་པའི་གནོང་འགྱོད་དང་ཡི་ཆད་དྲག་པོས་མནར་བས། རང་གིས་རང་ལ་འཁང་རའི་བྲང་རྡུང་ཞིག་ཀྱང་འབུད་དགོས་བྱུང་།

ཨ་མ་ལགས། ཁྱེད་ཀྱིས་ང་ལ་གནང་བའི་ཞི་འཇམ་གྱི་ཐུགས་གཤིས་དང་། བྱམས་བརྩེ་ཡི་འོད་མདངས། གཞན་ཕན་གྱི་ལྷག་བསམ་དེ་དག་ངས་ནམ་ཡང་བརྗེད་མི་སྲིད།

ཨ་མ་ལགས། ཁྱེད་ཀྱིས་ང་ལ་རིན་བྲལ་གྱི་ལུས་རྟེན་འདི་གནང་བྱུང་ལ། མི་ཚེའི་སྦྱང་བྱ་གཙོ་བོ་སྟེ། འགྲོ་འདུག་སྤྱོད་གསུམ་གྱི་གདམས་པ་གལ་ཆེན་ཡང་གནང་བྱུང་བས་ཨ་མ་ཁྱེད་དུས་རྟག་ཏུ་དྲན་བྱུང་། །

ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།

ཟུར་ཁྲིད་དགེ་རྒན། བོན་བསྟན་འཛིན།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明