西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །ལམ་སྟོན་གྱི་སྒྲོན་མེ། ༄༅། །ཨ་མ་དྲན་བྱུང་། ༄༅། །སློབ་འགོ་ཚུགས་སོང་། ༄༅། །ལུག་རྫི་དང་སྤྱང་ཕྲུག

放大 缩小 默认

༄༅། །ལམ་སྟོན་གྱི་སྒྲོན་མེ།

□ 作者 སྐལ་བཟང་ཆོས་སྒྲོན།

ཇི་སྐད་དུ། བླ་མ་མེད་པའི་གོང་རོལ་ན། །སངས་རྒྱས་ཞེས་པའི་མཚན་ཡང་མེད། །བསྐལ་པ་སྟོང་གི་སངས་རྒྱས་ཀྱང་། །བླ་མ་དག་ལ་བརྟེན་ནས་བྱུང་། །ཞེས་པ་ལྟར། དགེ་བའི་བཤེས་གཉེན་ནི་དགུང་ཨ་སྔོན་དབྱིངས་ཀྱི་བཅུ་གཉིས་བདག་པོ་དང་འདྲ། ང་ཚོའི་རྨོངས་པའི་སྨག་རུམ་ཕ་མཐར་སྤྲད་ཅིང་ཤེས་དཔལ་གྱི་གཟི་བྱིན་དེ་ཁོ་ནས་མི་བརྗེད་འཇིག་རྟེན་ཁྱོན་ཀུན་གསལ་བར་བྱས། དེ་བས་ཁྱེད་ནི་གྲུ་གཟིངས་ཀྱི་བ་དན་དཀར་པོ་དང་མཚུངས་པས། བསིལ་ཟེར་འོད་ཀྱི་དབུལ་བའི་འབྱམས་ཀླས་ཀྱི་སྲིད་པ་འདིར་སྐྱེ་འགྲོ་ཡོད་དོ་ཅོག་གིས་རང་དགོས་ཤེས་བྱའི་རྒྱ་མཚོར་བསྐྱོད་ཆེད་བརྩོན་འགྲུས་ཀྱི་གྲུ་གཟིངས་ལ་བ་དན་དཀར་པོ་ལྕགས་ཀྱིས་སྐུལ་ཏེ། གེགས་བར་དང་ཕམ་ཁའི་ཆུ་གཉེར་རིམ་པས་གཤགས་ནས་ལེགས་གྲུབ་ཀྱི་ཕ་མཐའ་རུ་སྙེགས། ལྷག་ཏུ་ཁྱེད་ནི་སྒྲོན་མེ་དང་འདྲ་སྟེ། རྨོངས་འཐོམས་དང་ཕུགས་བསམ་གྱི་ཁ་ཕྱོགས་འཛོལ་བའི་རབ་རིབ་གཏེར་མཛོད་དུ་རྣམ་དཔྱོད་ཀྱི་སྒྲོན་མེ་ལེགས་པར་སྤར་ནས་ཡོན་ཏན་གྱི་ནོར་བུ་སློབ་བུའི་ཡིད་དུ་སྦྲུམ།

རང་ལ་དགོས་པའི་ཡོན་ཏན་དེ། །ཉི་མ་རེ་ལ་ཚིག་རེ་ཟུངས། །གང་ཞིག་ཉིན་བརྒྱ་སོང་བ་ན། །ཚིག་བརྒྱ་མ་ལུས་ཁོང་དུ་ཆུད། །ཞེས་ལེགས་པར་བཤད་པ་བསླབ་པའི་གདམས་ངག་མི་གོ་བའི་སྐྱེ་འགྲོ་ཐམས་ཅད་འཇིག་རྟེན་གྱི་སྙོམས་ལས་བྱ་བར་གཡེང་སྐབས་དང་། རེ་བ་སྟོང་ཕྲག་རུམ་དུ་བཅུག་ཏེ་མདུན་བསྐྱོད་ཀྱི་སྤྱན་ཟུང་རབ་རིབ་ཏུ་གྱུར་ནས་སེམས་ནུས་ཇེ་ཞན་དུ་གྱུར་སྐབས་ལ་ཤེས་བྱའི་འོད་སྣང་འཚེར་བའི་སྒྲོན་མེ་ལྟ་བུའི་དགེ་བའི་བཤེས་གཉེན་གྱིས་བརྩོན་འགྲུས་ཀྱི་སྤོབས་པ་བསྩལ། མདུན་བསྐྱོད་ཀྱི་རེ་བ་བྱིན། ཞུམ་མེད་ཀྱི་གོ་ཆ་སྤྲད་དེ་དལ་བརྒྱད་འབྱོར་བཅུའི་མི་ལུས་འདི་ལ་དོན་ལྡན་ཡོང་བའི་བསླབ་བྱ་གྲངས་ཀྱིས་མི་ལང་བ་བསྩལ།

དྲིན་ཆེན་གྱི་དགེ་རྒན་ལགས། ཆུང་བྱིས་པའི་དུས་ནས་ང་ཚོར་རང་དགོས་ཤེས་བྱར་གཞོལ་ནས་མ་འོངས་ག་བཏང་གོ་ཆོད་ཀྱི་སྤྱོད་ཡོན་གཉིས་ལྡན་གྱི་མི་སྣ་ཞིག་ཆགས་པའི་ཞལ་ཏ་མཛད། སློབ་ཁྲིད་དང་སློབ་གསོའི་སྐུ་ལས་ཁྱད་དུ་སད་དེ་ངལ་བ་སྟོང་ཕྲག་སྤྱད་ནས་ང་ཚོར་ཕན་བདེ་བསྐྲུན། བདག་གིས་སྙན་འཇེབས་ཚིག་སྦྱོར་ལ་བརྟེན་ནས་ཁྱེད་རྣམས་ལ་བསྟོད་པའི་མེ་ཏོག་འབུལ་རྒྱུ་ཡིན། གལ་ཏེ་ང་རང་རི་མོ་མཁན་ཞིག་ཡིན་ན། ངས་རང་ཉིད་ཀྱི་པིར་སྨྱུག་ལག་ཏུ་བཟུང་ནས་ཁྱེད་ཚོའི་སྐུ་ལས་དང་འགྲོ་བ་མིའི་རིགས་ལ་ཕན་བདེ་བྱིན་པ་རྣམས་རི་མོར་བཀོད་སྲིད། གལ་ཏེ་ང་རང་གཞས་མ་ཞིག་ཡིན་ན་ངས་སྙན་འཇེབས་ཚིག་གིས་ཁྱེད་ལ་བསྟོད་གླུ་གཏོང་བར་འདོད།

དགེ་བའི་བཤེས་གཉེན་ལ་གཞན་ཕན་ལྷག་བསམ་དང་ཡ་རབས་ཀྱི་ཀུན་སྤྱོད་གཙང་བ་མཁས་འཇུག་ནང་གི་གཙང་མཁས་གཞན་ལ་ཕན་པར་འདོད་ཅེས་པའི་མཚན་ཉིད་ཀུན་ལྡན་ཞིག་ཡིན་པས། ང་ཚོའི་རྨོངས་པའི་མུན་པ་སེལ་ནས་ཤེས་རིག་གི་སྐྱེད་ཚལ་དུ་ཡོན་ཏན་གྱི་སྦྲང་རྩི་འཐུ་བའི་སྐལ་བཟང་ལྡན། ཁྱེད་ལ་ཁེངས་པའི་དྲེགས་པ་དང་བྲལ་བས་ས་ཆུ་ཡན་ཆད་གོང་དུ་བཀུར་ཞིང་ལེགས་བཤད་བྱིས་པ་ལས་ཀྱང་ལེན་པའི་དམ་པའི་སྤྱོད་ཚུལ་ང་ཚོར་བསླབས། ཁྱེད་ལ་ཡ་རབས་སྤྱོད་པའི་བརྟུལ་ཞུགས་ལྡན་པས་རྒན་བཀུར་གཞོན་གཅེས་དང་། ཕྱོགས་རིས་དང་བྲལ་བའི་བཏང་སྙོམས་ཀྱི་ཉིན་བྱེད་ཀུན་ལ་འཕྲོ།

སྙིང་དབུས་ཀྱི་ལམ་སྟོན་སྒྲོན་མེ་ལགས། ཟླ་འོད་དབུལ་བའི་མུན་ནག་གི་འཇིག་རྟེན་འདིར་མགོ་རྨོངས་པའི་སྐབས། ཁྱེད་ཀྱི་ལམ་སྟོན་ནི་བཀྲག་མདངས་ཆེ་བའི་སྒྲོན་མེ་ཞིག་ཡིན་ལ་ཉིད་ཀྱི་མི་ཚེ་ནི་འཇའ་ཚོན་ལྟར་རབ་ཏུ་བཀྲའོ། །

ལྷ་ས་མཐོ་འབྲིང་གཉིས་པའི་ལོ་རིམ༢(༩)

ཟུར་ཁྲིད་དགེ་རྒན། བསོད་ནམས་དོན་གྲུབ།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明