ཉིན་ཤས་གོང་ལ། ང་ཚོའི་འཛིན་བདག་གིས་ང་ཚོའི་སྐད་འཕྲིན་ཚོགས་པའི་ནང་དུ་ལྷ་སར་ཡོད་པའི་བོད་ལྗོངས་དཔེ་མཛོད་ཁང་གི་གནས་ཡུལ་ངོ་སྤྲོད་དང་དེ་རུ་དཔེ་ཆ་ཀློག་པའམ་སྦྱོང་ཚན་འབྲི་བར་བསྐྱོད་ན་ཡག་པོ་ཡོད་ཚུལ་གསུངས་སོང་། དེ་རིང་ང་རང་ཁྱིམ་ལ་མ་བསྡད་པར་ངའི་གཅེན་པོ་དང་ཨ་ཁུའི་བུ་མོ་བཅས་ང་ཚོ་གསུམ་པོ་ཕྱི་རུ་དཔེ་དེབ་བལྟ་བར་བསྐྱོད་རྒྱུའི་ཁ་ཆད་བྱས་པ་ཡིན།
ང་ཚོ་སྤྱི་སྤྱོད་རླངས་འཁོར་ནང་དུ་ཕྱིན་པ་དང་འཚང་ཁ་ཤིན་ཏུ་ཆེན་པོ་འདུག དེ་ནས་འབབ་ཚུགས་གཅིག་ཏུ་སླེབས་རྗེས་མི་ཕལ་ཆེ་བ་བབས་སོང་བས། ང་ཚོས་སྡོད་ས་ཡོད་མེད་ལྟ་སྐབས་སྡོད་ས་སྟོང་པ་གཉིས་འདུག ངས་གཅེན་མོ་གཉིས་སྡོད་དུ་བཅུག་ནས་ང་རང་ལངས་བསྡད་པ་ཡིན། སླར་ཡང་འབབ་ཚུགས་ཤིག་ཏུ་སླེབས་རྗེས་ང་ལ་ཡང་སྡོད་ས་ཞིག་རག་བྱུང་། འོན་ཀྱང་རྨོ་བོ་ཞིག་ཡར་འཛེགས་བྱུང་བས་ངས་སྡོད་ས་དེར་རྨོ་བོ་ལགས་བཞུགས་སུ་བཅུག་པ་ཡིན། ཧ་ལམ་ཆུ་ཚོད་ཕྱེད་ཀ་ཙམ་ཕྱིན་ཟིན་རྗེས་ང་ཚོ་གཞི་ནས་བོད་ལྗོངས་དཔེ་མཛོད་ཁང་གི་སྒོ་ཁར་སླེབས་སོང་།
དཔེ་མཛོད་ཁང་དེ་རྒྱ་ཆེན་པོ་ཡོད་པ་དང་ཁང་པ་ཉིས་ཐོག་ཅན་རེད་འདུག ང་ཚོ་སྔོན་ལ་ཐོག་བརྩེགས་དང་པོར་ཕྱིན་ནས་དཔེ་དེབ་གང་འདྲ་ཡོད་མེད་བལྟས། དེ་ནི་ལོ་ན་ཆུང་བའི་བྱིས་པ་ཚོའི་དཔེ་ཀློག་ཁང་རེད་འདུག་པས། ང་ལ་དགོས་པའི་དཔེ་ཆ་དེ་མ་རག དེ་ནས་ང་ཚོ་རྡོ་སྐས་བརྒྱུད་ཐོག་བརྩེགས་གཉིས་པར་ཕྱིན་པ་ཡིན། ཐོག་བརྩེགས་གཉིས་པར་དཔེ་ཆ་ཧ་ཅང་མང་པོ་འདུག ང་ཚོས་རང་གི་ལྟ་འདོད་པའི་དཔེ་ཆ་ཡོད་མེད་བཙལ་བ་ཡིན། དཔེ་ཆ་མང་དྲགས་པས་ཇི་ལྟར་བཙལ་ཡང་མ་རྙེད། སྒོ་འགྲམ་དུ་ལས་དོན་མི་སྣ་བསྡད་ཡོད་པས་ང་ཚོ་དེར་སྐད་ཆ་འདྲི་བར་ཕྱིན། ཁོང་གིས་རྩོམ་པ་པོ་སུའི་དེབ་རེད། དེབ་ཀྱི་མིང་ལ་གང་ཟེར་ཞེས་དྲིས་བྱུང་བས། ངས་ཐད་ཀར་ལན་རྒྱག་མ་ཕོད། འཁྲིས་ནས་གཅེན་མོས་ལའོ་ཧྲི་ཡིས་བརྩམས་པའི《རྔ་མོང་ཞང་ཙེ》《骆驼祥子》རེད་ཅེས་ལན་འདེབས་རོགས་བྱས་བྱུང་བས། དེ་ནས་ལས་དོན་མི་སྣ་དེས་དེབ་ཁྲི་གང་གི་བརྩེགས་རིམ་གང་དུ་ཡོད་མེད་བྲིས་པའི་ཤོག་བུ་སྤྲད་བྱུང་བས། ང་ཚོས་ཤོག་བུར་གསལ་བའི་ཆ་འཕྲིན་བཞིན་དཔེ་ཆ་བཙལ་མོད་སྔར་བཞིན་མ་རྙེད་པས། ལས་དོན་མི་སྣས་ད་དུང་མ་རྙེད་ན་ཁོང་འཚོལ་བར་འོང་དགོས་ཚུལ་བཤད་བྱུང་བས། ང་ཚོས་དཔེ་དེབ་རྙེད་ཀྱི་མེད་ཚུལ་ཞུས་པ་ཡིན། ཁོང་གིས་ང་ཚོར་འཚོལ་རོགས་བྱས་མོད་དཔེ་ཆ་ནི་མ་རྙེད། ད་གཟོད་ཁོང་གིས་ཕལ་ཆེར་དེབ་གཡར་ཟིན་རྗེས་དཔེ་ཁྲིའི་ཐོག་ལ་ཡར་བསྒྲིགས་མ་ཐུབ་པ་ཡིན་རྒྱུ་རེད། དེ་ལས་ཁྱོད་ཚོ་དཔེ་ཆ་གཞན་དག་ལྟོས་དང་ཟེར། 《རྔ་མོང་ཞང་ཙེ》ནི་རྒྱ་ཡིག་དགེ་རྒན་གྱིས་ང་ཚོ་ལ་བཀླག་བྱར་བསྐུར་བའི་གུང་གསེང་སྦྱོང་ཚན་ཡིན་པས། ང་རང་དཔེ་མཛོད་ཁང་ནས་དཔེ་ཆ་དེ་མ་རྙེད་པར་ཕང་སེམས་ཆེན་པོ་སྐྱེས་བྱུང་། དེ་ནས་ང་ཚོ་དེབ་གཞན་འགའ་བདམས་ནས་བལྟས་པ་ཡིན། དེབ་ཀློག་གིན་དུ་དུས་ཚོད་འཕྱིས་པོ་ཆགས་འདུག་པས། ང་ཚོ་ནང་ལ་ལོག་རྒྱུའི་གྲ་སྒྲིག་བྱས།
དཔེ་མཛོད་ཁང་ལས་བབས་རྗེས་ང་ཚོ་འབབ་ཚུགས་ཀྱི་ཕྱོགས་སུ་བསྐྱོད་པ་དང་། སྤྱི་སྤྱོད་རླངས་འཁོར་སླེབས་པར་ད་དུང་སྐར་མ༡༧འདུག ང་ཚོ་འབབ་ཚུགས་རྗེས་མ་བར་རྐང་ཐང་ལ་སོང་བ་ཡིན། དེ་རུ་སླེབས་རྗེས་ད་དུང་སྐར་མ་ཁ་ཤས་འདུག་པས་ང་ཚོས་བསྒུགས་ནས་བསྡད། སྤྱི་སྤྱོད་རླངས་འཁོར་སླེབས་པ་དང་ང་ཚོ་མགྱོགས་པོར་ཡར་ལ་འཛེགས། ཆུ་ཚོད་ཕྱེད་ཀ་སོང་རྗེས་ང་ཚོ་ཨ་ཁུའི་ཁྱིམ་གྱི་སྒོ་མོར་སླེབས་པ་དང་མཉམ་དུ་རླངས་འཁོར་ལས་བབས། གྲོད་པ་ཤིན་ཏུ་ལྟོགས་དྲགས་པས། ལམ་སེང་ཟ་རྒྱུ་ཉོ་བར་ཕྱིན་པ་ཡིན། ནང་ལ་སླེབས་རྗེས་ཨ་ཁུ་ཕུད་གཞན་ཚང་མ་ཕྱི་རུ་གནས་མཇལ་དང་ཁྲོམ་བསྐོར་བར་ཕྱིན་པས་སླེབས་མི་འདུག དུས་ཚོད་ཡུད་ཙམ་ཕྱིན་པ་དང་ང་ཚོ་ཞབས་བྲོ་འཁྲབ་སར་ཕྱིན་པ་ཡིན། ངས་ཞབས་བྲོ་འཁྲབ་མི་ཤེས་པས་ལྟད་མོ་བལྟས་ནས་བསྡད་པ་དང་གཅེན་མོ་གཉིས་པོ་ཞབས་བྲོ་འཁྲབ་ཏུ་སོང་། གཞས་གྲོལ་རྗེས་ནང་ལ་ཁ་པར་བཏང་བས་ནང་མི་ཚང་མ་ལྟོ་ཟས་ཚར་འདུག ང་ཚོ་ཕྱི་ལོགས་ལ་ཁ་ལག་བཟའ་བར་སོང་ཟེར། ང་ཚོ་དགའ་དགའ་སྤྲོ་སྤྲོའི་ངང་ནས་ཕྱི་ནས་ཁ་ལག་ཟོས་ཚར་རྗེས་ནང་ལ་ལོག་པ་ཡིན།
དེ་རིང་གཅེན་མོ་གཉིས་པོ་དང་མཉམ་དུ་བོད་ལྗོངས་དཔེ་མཛོད་ཁང་དུ་དཔེ་དེབ་བཀླག་པར་ཕྱིན་པས་ཧ་ཅང་དགའ་པོ་བྱུང་། ང་རང་རྗེས་མ་དུས་ཁོམ་བྱུང་ན་དཔེ་ཀློག་ཁང་དུ་འགྲོ་ངེས་ཡིན། ཁྱེད་ཚོ་ཡང་དུས་ཚོད་ཡོད་ན་བོད་ལྗོངས་དཔེ་མཛོད་ཁང་དུ་ཕེབས་དང་ཧ་ཅང་སྐྱིད་པོ་འདུག ངས་སང་ལོའི་གུང་གསེང་ལ་དེ་རུ་ཡི་གེ་འབྲི་བའམ་དཔེ་ཆ་ཀློག་པར་འགྲོ་ཐག་ཆོད་ཡིན། །
འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༧(༣)
ཟུར་ཁྲིད་དགེ་རྒན། དགའ་བཟང་།