དུས་ཚོད་ནི་ཆུ་མོ་བཞིན་ཤང་ཤང་དུ་རྒྱུག མིག་ཡུད་ཙམ་ཞིག་ལ་དམའ་འབྲིང་ཐོན་པར་ཟླ་བ་རེ་གཉིས་ལས་མ་ལྷག
དེ་རིང་ནི་ལྔ་བཞི་གཞོན་ནུའི་དུས་ཆེན་མཐའ་མ་དེ་ཡིན་པས། དུས་ཆེན་རྗེས་སུ་བདག་གི་ལོ་གསུམ་མཇུག་སྒྲིལ་ལ་ཉེ། དེ་རིང་གི་དུས་ཚིགས་ནི་གལ་ཆེན་ནང་གི་འགངས་ཆེན་ཞིག་ཡིན། ལོ་གསུམ་རིང་ང་ཚོ་མཉམ་དུ་ཁྱིམ་ཚང་གཅིག་ཏུ་འཚར་ལོངས་བྱུང་བས། དམའ་འབྲིང་གི་མཐའ་མཇུག་ལུས་རྩལ་འགྲན་ཚོགས་འདིར། རང་རང་འཛིན་གྲྭའི་སླད་དུ་སློབ་མ་རྣམས་ཚ་ཚ་འུར་འུར་གྱིས་འགྲན་བསྡུར་ལ་ཞུགས་ཏེ། འཛིན་གྲྭའི་རྒྱལ་ཁ་ལོན་པར་ལེགས་སྐྱེས་འབུལ་མུས་སུ་མཆིས་པས། ངས་ནམ་ཡང་བརྗེད་པར་དཀའ་འོ། །དུས་ཚོད་དེ་ལྟར་འགྲོས་མྱུར་བས་ཕང་སེམས་རེ་དབང་མེད་དུ་སྐྱེ་འོང་།
དུས་ཚོད་ནི་འདི་འདྲའི་མགྱོགས་པ་ལ་ཨང་། དེ་ནི་དགོང་མོའི་རྨི་ལམ་ཡུན་གཅིག་དང་འདྲ་བར་ཡུད་ཙམ་ཞིག་ལ་འདས་དོན་དུ་གྱུར། གོ་མེད་ཚོར་མེད་ཀྱི་ལོ་ངོ་གསུམ་འདི་ལྟར་འདས་སོང་། དུས་ཚོད་ནི་གསེར་ལས་ཀྱང་དཀོན་ཞིང་། རྒྱུ་དང་དཔལ་འབྱོར་ཇི་ལྟར་ཡོད་རུང་ཉོ་མི་ཐུབ་མོད། ལོ་གསུམ་རིང་ང་ཚོས་དུས་ཚོད་ལ་གཅེས་འཛིན་ལེགས་པོ་གྱིས་ཡོད་དམ།
དུས་ཚོད་ཤིན་ཏུ་རྩ་ཆེ་རུང་། ལ་ཤས་ཀྱིས་དུས་ཚོད་ལ་གཅེས་འཛིན་གྱིས། དཀའ་སྤྱད་ཁུར་དུ་བླངས་པ་དང་། ལ་ཤས་ནི་དམའ་འབྲིང་གི་བགྲང་བྱ་གསུམ་པོ་གཉིད་དང་རྨོངས་པའི་ཁྲོད་དུ་ཕར་ལ་བསྐྱལ་ཡོད། ད་ཆ་རང་ཉིད་ཀྱི་མི་ཚེ་ཁ་ལོ་བསྒྱུར་བའི་ཡིག་རྒྱུགས་གལ་ཆེན་སླེབས་པར་ཉེ་མོད། སློབ་མར་དབྱེ་ན་རིགས་གཉིས་སུ་མཆིས་ཏེ། རང་གི་ལག་ཟུང་དང་འབད་པར་བརྟེན་ནས། གྲུབ་འབྲས་བཟང་པོས་འོད་ཟེར་སྟོང་ལྡན་གྱི་མ་འོངས་ལམ་བུ་བསུ་མཁན་ཞིག་དང་། བློ་ཕམ་དང་ཡིད་ཆད་ཀྱིས་ལོ་གསུམ་ལ་སྡོམ་ཚིག་འགོད་མཁན་བཅས་རིགས་གཉིས་སོ། །ད་ནི་ཡོད་ཚད་འཕྱིས་ཟིན་པས་ཕྱི་མ་དག་ནི་གནོང་འགྱོད་དང་ཡི་ཆད་ཀྱི་ཁྲོད་ན་གནས་ཡོད་ངེས་ཡིན།
དུས་ཚོད་ནི་ཚེ་སྲོག་ཡིན། སྨན་པས་དུས་ཚོད་དམ་འཛིན་གྱིས་འཆི་ལ་ཁད་ཀྱི་ནད་པར་ཚེ་སྲོག་གསར་པ་སྦྱིན་པ་བཞིན། ང་ཚོས་ཀྱང་མཇུག་མཐའི་དུས་ཚོད་འདིའི་ནང་བརྩོན་འགྲུས་ཀྱི་རྟ་ཕོར་བཅིབས་ནས་ས་ལམ་གང་ཆོད་ལ་སྙེགས་དང་། སེམས་ཤུགས་མ་ཉམས་བདག་གི་སློབ་གྲོགས་ཀྱེ། །
འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༩(༡༤)
ཟུར་ཁྲིད་དགེ་རྒན། རྒྱ་ལོད།