ང་ལ་ཤིན་ཏུ་མཛེས་སྡུག་ལྡན་པའི་ཕ་ཡུལ་ཞིག་ཡོད་པ་དེའི་མིང་ལ་ན་གྲ་གྲོང་ཚོ་ཟེར། ནམ་རྒྱུན་ཕ་ཡུལ་ལ་ལོག་ཐེངས་རེར་ངའི་སེམས་སུ་ཚོར་བ་མི་འདྲ་བ་རེ་ཡོང་བཞིན་འདུག
ང་ཕ་ཡུལ་དང་ཁ་བྲལ་ནས་ཟླ་བ་བཞི་ཙམ་ཕྱིན་སོང་། གུང་གསེང་སྐབས་ང་རང་ཕ་ཡུལ་ལ་ཡོད་དུས་ཁྱིམ་དུ་ཟ་ཉལ་འཐུང་ཉལ་རྐྱང་རྐྱང་ཡིན། དེ་རིང་ང་དང་གཅུང་མོ་གཉིས་རང་ཁྱིམ་གྱི་སྒོ་ཁ་ནས་ལུང་ཁུག་གི་ལམ་ཆུང་དེ་དེད་ནས་ལུས་པོར་སྦྱོང་བརྡར་དུ་འགྲོ་ཞེས་ཟེར་ནས་སོང་བ་ཡིན། ཁྱི་ཕྲུག་ཀྱང་ང་གཉིས་དང་མཉམ་དུ་སླེབས་བྱུང་། དེ་ལྟར་ངེད་གཉིས་དང་ཁྱི་ཕྲུག་ལམ་ཆུང་དེ་དེད་ནས་ང་གཉིས་འགྲམ་དུ་སླེབས། དེ་དུས་རླུང་བུ་ཞིག་ལྡང་བས་རང་ལུས་སུ་ལུང་ཁུག་གྲང་རླུང་གིས་འཁྱག་སྣང་དྲག་པོ་ཞིག་སྟེར་བྱུང་། ངེད་གཉིས་ཀྱིས་ཕར་ལྟ་ཚུར་ལྟ་བྱས་པ་ན། ཕ་ཡུལ་ནི་ཐལ་བ་ཐལ་འཚུབ་ངང་གནས་པའི་ཚུལ་དེ་མཐོང་བ་ན་ངའི་སེམས་སྐྱོ་ལྷང་ལྷང་དུ་སྣང་། ཕ་ཡུལ་ལ་གྲོང་ཁྱེར་དང་འདྲ་བའི་ཟང་ཟིང་གི་རྣམ་པ་དང་རླངས་འཁོར་གྱི་སྐད་སྒྲ་སོགས་མེད་པར་ལྷིང་འཇགས་ངེར་གནས། བདག་གནས་སའི་ས་ཡུལ་དེ་ནི་རྒྱབ་ལ་ཤིང་ནགས་མཐུག་ཅིང་མང་། མདུན་ན་སྤང་རི་རྩེ་གསུམ་ཡོད། མཐའ་བཞི་མཚོ་ཡིས་བསྐོར་བ་ཞིག་ཡོད། གཅུང་མོས“ལྟོས་དང་། ཆར་པ་བབས་གྲབས་འདུག ང་གཉིས་མགྱོགས་པོ་ལོག་འགྲོ”ཟེར། ངས་མགོ་ཡར་ལ་བཀྱགས་ནས་བལྟས་པ་ན་སྤྲིན་ནག་འཁྲིགས་འདུག་པས་ང་གཉིས་ནང་ལ་ཕྱིར་ལོག་བྱས།
ཕྱི་དྲོ་ངས་སྒེའུ་ཁུང་ནས་མར་ལ་བལྟས་ཚེ་ཕྱུགས་ཟོག་རྣམས་སྒོ་འགྲམ་ལ་སླེབས་ཚར་འདུག དེ་ནས་ངས་ཨ་ཁུ་སྐད་བཏང་ཞིང་ནོར་ལུག་འདོགས་པར་ཕྱིན་པ་ཡིན། །
ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ༡(༨)
ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།