西藏青年报藏文版ཕྱོགས་བསྡུས།  བརྩེ་སེམས་དང་སེམས་ཤུགས་ཡོད་རྒུས་སློབ་མའི་འཚར་ལོངས་ཆེད་དུ་འབད་པ། ནོར་འཛིན་གོ་ལའི་འཁུན་སྒྲ། ལེགས་རྩེ་འགག་སྒོས་ལོ་ཕྱེད་སྒོ་དབྱེའི་གྲུབ་འབྲས་འགྲེམ་སྟོན་གཉེར་བ།

放大 缩小 默认

ནོར་འཛིན་གོ་ལའི་འཁུན་སྒྲ།

འདས་སོང་གི་བགྲང་བྱ་འགའི་འགྲན་རྩོད་ནང་སོས་དལ་བག་ཕེབས་དང་དགའ་བདེའི་དཔལ་ལ་རོལ་བར་དབེན། ཕ་སེམས་བུ་དང་བུ་སེམས་རྡོ་ཐོག་ཅེས་པ་ལྟར་མ་འོངས་པའི་ཕུགས་བསམ་ཀྱི་མིག་རྒྱང་ཐུང་བའི་ཁྱོད་ཚོས་རང་ཁ་གསོ་ཐབས་ཤེས་ཙམ་གྱིས་ནོར་འཛིན་འདི་སྟེང་དུ་གཏེར་འདོན་ནོར་སྒྲུབ་དང་། སྣོད་བཤིག་བཅུད་བརླག་གིས་ཐ་ཤལ་བྱ་སྤྱོད་གྲངས་མེད་སྤྱོད་པ་དང་། རང་དོན་གཙིགས་སུ་བཟུང་སྟེ་དངུལ་ལོར་གྱི་རང་ཉིད་ལ་དངོས་པོའི་ཕན་ཡོན་སྒྲུབ་པར་འདོད་པའི་ཆེས་ཉེས་ཅན་ཞིག་དང་གཤེད་མ་ཞིག་ཏུ་གྱུར།

ངས་ནམ་ཡང་ལྗང་མདོག་གི་ལང་ཚོ་ཇི་ལྟར་རྒྱས་ན་དེ་ལྟར་ངས་འཛད་མཐའ་མེད་པའི་ཤེས་རིག་གི་ཉིང་བཅུད་སྒྲུབ་པའི་ཚེ་སྲོག་གི་བཞུར་རྒྱུན་དྭངས་མོ། རིན་ཐང་བྲལ་བའི་ཚེ་སྲོག་གི་ལང་ཚོའི་གཟི་ཉམས་དེ་གསོ་ཕྱིར། འགྲོ་བ་མིའི་རིགས་ལ་གེགས་བར་མེད་པར་སྙིང་ཁོངས་ནས་འཕུལ་བ་ལས། སྐྱོ་སྡུག་གི་མིག་ཆུ་དང་ཟུག་གཟེར་རྔུལ་ཆུ་གཏན་ནས་བཏང་མ་མྱོང་། རྒྱུ་ནོར་ལ་སྐྱབས་བཅོལ་གྱི་མངར་ཁས་བཟི་བའི་ཁྱོད་ཚོར། ཅི་མཁོ་བརྩེ་སེམས་ཀྱི་ཕྱག་ཟུང་མ་བརྐྱངས་པ་མེད་དེ། ཆུ་འཛིན་གྱི་སྟངས་སྟབས། མེ་ཏོག་གི་དགོད་འཛུམ། ཆལ་ཆིལ་ཀྱི་རླབས་སྒྲ་སོགས་སྙིང་དུ་སྡུག་པའི་མཛེས་སྡུག་མཐའ་དག་འདྲེན་བྱེད་ཟུང་གི་དཔྱིད་ཀར་བསུས་མྱོང་ལ། གྱི་ལིང་རྟ་མཆོག་གི་འཚེར་སྒྲ་སོགས་སྙན་འཇེབས་ཀྱི་རོལ་དབྱངས་མཐའ་དག་རྣ་བའི་སྙན་དུ་མ་བསྒྲོན་པ་གཅིག་ཀྱང་མེད་སྙམ།

ངའི་ལྗང་མདོག་གི་ཚེ་སྲོག་ལ་ཚབས་ཆེའི་འཇབ་རྒོལ་ཐེབས་དྲག་པས་ནུས་མེད་དབུགས་ཡོད་ཀྱི་ལུས་པོ་སྐྱ་ཐེར་ཐེར་དེར་བཟོད་དཀའ་བའི་རྨ་ཁ་མང་པོ་བཟོས་ལ། འདས་པའི་དུས་ཡུན་རིང་པོར་ཁྱོད་ཚོའི་ཡ་ང་སྐྱུག་བྲོ་བའི་བྱ་བྱེད་དེས་ཁོ་བོ་ཡིད་ཐང་ཆད་དུ་བཅུག་པ་མ་ཟད། སྙུན་གཞི་ཚབས་ཆེན་ཕོག་ནས་ལུས་ཀྱི་ཚ་དྲོད་རིམ་བཞིན་འཕར་ཏེ། ས་ཁམས་ཀྱི་ལྷོ་བྱང་སྣེ་གཉིས་དྲོ་རུ་འགྲོ་བའི་བསྙོས་མེད་དན་རྟགས་ཀྱི་ནད་གསར་དེས་སྡོད་མི་ཚུགས་པས་དབུགས་འབྱིན་རྔུབ་བྱེད་པར་ཡང་དཀའ་ངལ་ཆེན་པོ་བཟོས།

ང་ནི་ཁྱོད་ཚོའི་མ་ཡུམ་ཡིན་ན་ཁྱོད་ཚོས་ཐབས་ངན་སྤྱོད་ངན་གྱིས་ང་རང་བྲན་གཡོག་ཏུ་བྱེད་མི་རུང་ལ། ཁྱེད་ཚོས་ངའི་ཡོད་ཚད་ཀྱི་བདག་པོ་ཡིན་སྙམ་སྟེ་རང་འདོད་གང་དྲན་གྱིས་བསྙོན་མེད་སྐྱོན་འཛུགས་དང་། དྲག་པོའི་བཀའ་འདོམས་གང་རུང་བྱེད་མི་རུང་། ཁྱོད་ཚོས་ཐ་ན་སྡོང་ཕྲན་གཅིག་གམ་ཡང་ན་མེ་ཏོག་དང་རྩྭ་ཕྲན་རྐང་གཅིག་སོགས་ཀྱི་རྒྱན་ཆ་སྤྲས་ཨེ་མྱོང་། ད་དུང་དྲིན་ཆེན་ལ་དྲིན་ལོག་དང་གཡང་ཟོག་ལ་རྡོ་ཁ་བྱེད་བཞིན་གདའ། མིའི་རིགས་དང་སྲོག་ཆགས་སོགས་ལོ་ངོ་དུང་ཕྱུར་འགར་མཉམ་དུ་འཚོ་གནས་ལ་རོལ་སའི་ཁྱིམ་གཞིས་ཞིག་སྟེ་སའི་གོ་ལ་མ་ཡིན་ནམ། མཐར་ཁྱོད་ཚོས་ང་ལ་གོ་ལ་ཧྲིལ་པོ་དྲོ་རུ་འགྲོ་བ་དང་། སྐྱུར་ཆར་གྱིས་འཇིགས་ཉེན་ཆེ་བའི་དུས་རབས་སོགས་ཀྱི་གནོད་ཚབས་རིམ་པར་བསྩལ་དུས་བདག་ཅི་ལ་མི་གདུང་། ཀྱེ་ཀྱེ། དུས་ནམ་ཞིག་གི་ཚེ་ན་ཁྱོད་ཚོ་ཤྭ་འོད་ཀྱི་སྐྱོ་ཧམ་དང་། བྱེ་རླུང་གི་ལྡང་མིག མཚོ་རླུང་གི་བརྙས་བཅོས། ཚབས་ཉེན་སོལ་གྱུར་གྱི་འཇིགས་སྐུལ་སོགས་གཡོལ་ཐབས་མེད་པའི་འཇིགས་སྣང་གིས་བཙན་སྐུལ་འོག་ཁྱོད་ཚོས་རྒྱང་རིང་གི་ཟླ་བའི་ལྷ་མོར་རང་སྲོག་ལ་མི་འཛེམས་པར་དཀའ་ངལ་ཁྲི་ཕྲག་གི་འགག་འཕྲང་བཙན་གྱིས་བརྒལ་ཏེ་ལོ་ངོ་དུང་ཕྱུར་མཉམ་དུ་སེད་པའི་ཉེ་འགྲམ་གྱི་ངའི་ལས་དབང་ལ་ཅིའི་ཕྱིར་དེ་འདྲའི་དགྲ་འཛིན་བརྙས་བཅོས་དང་འགན་འཁུར་མི་བྱེད་རྒྱུ་མཚན་གང་ཡིན་ནམ།

མིའི་རིགས་ལགས། ངས་ཁྱོད་ཚོར་ཐ་མའི་སྙན་དུ་ཞུ་བའི་ཚུལ་དུ་ནོར་འཛིན་གོ་ལ་འདི་དུས་ཀྱི་བསྐལ་བརྒྱར་མིའི་རིགས་འཚོ་གནས་བྱེད་ཡུལ་གྱི་ལྟེ་གནས་ཡིན་ཕྱིར་འདིར་སྲུང་སྐྱོབ་བྱེད་པའི་མནོ་བསམ་གང་ཡག་ཞིག་ཐོངས་ཤིག །

བསོད་ནམས་བཀྲ་ཤིས།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明