ཟང་ཟིང་འདུ་འཛིས་ཁེངས་པའི་འཇིག་རྟེན་འདི་རུ་སྐྱེས་པ་ནས་བཟུང་བྱམས་བརྩེ་ཅན་གྱི་ཡབ་ཡུམ་གཉིས་པོའི་ལྟ་རྟོག་འོག་ཉིན་རེ་བཞིན་འཚར་ལོངས་བྱུང་། ད་ལྟ་ཡང་བཤེས་གཉེན་བཟང་པོའི་བཀའ་སློབ་འོག་བརྩོན་འགྲུས་ཀྱི་རྟ་ཕོར་བཞོན་ནས་ཤེས་བྱའི་གོ་ལ་བསྐོར་བར་འགྲོ་བཞིན་ཡོད།
བྱིས་པ་ནི་འཇིག་རྟེན་འདིར་བགྲང་ལས་འདས་པ་ཡོད། ཡིན་ཡང་ང་ལྟ་བུའི་བདེ་སྐྱིད་ལྡན་པའི་བྱིས་པ་ནི་ཉུང་ཉུང་ཡིན། དེ་ནི་ངའི་ཡབ་ཡུམ་དང་བཤེས་གཉེན་གྱིས་བཀའ་དྲིན་ཡིན། ང་རང་རྒྱ་ཆེ་ཞིང་དྲོ་སྐྱིད་ལྡན་ཤོས་ཀྱི་ཁང་པའི་ནང་བསྡད་མྱོང་། དེ་ནི་ཡུམ་ཆེན་གྱི་གྲོད་ཁོག་ནང་ཡིན། ང་རང་འཇམ་ཞིང་བདེ་འཇགས་ཚ་ཤོས་ཀྱི་སར་བསྡད་མྱོང་། དེ་ནི་ཡབ་ཆེན་གྱི་དཔུང་པའི་སྒང་ཡིན། ང་རང་མཚན་མོ་གཅིག་པུར་ཟླ་འོད་འཕྲོས་པའི་ལམ་བུར་བསྐྱོད་མྱོང་། དེ་ནི་བཤེས་གཉེན་བཟང་པོའི་བཀའ་སློབ་ཡིན། སྔོ་སངས་ནམ་མཁའི་འོད་སྣང་འཕྲོ་བའི་སུམ་རྩེན་གནས་འདིར་སྐྱེས་པ་ནི་ཡབ་ཡུམ་གྱི་བཀའ་དྲིན་ཡིན། གྱང་ལྟར་དཀར་བའི་ཤོག་བུའི་ཐོག་རང་ཉིད་ཀྱི་བསམ་འདུན་འབྲི་ཐུབ་པ་ནི་བཤེས་གཉེན་བཟང་པོའི་བཀའ་དྲིན་ཡིན།
ལོ་དྲུག་གི་སློབ་ཆུང་འཚོ་བའི་ནང་རང་ཉིད་ཀྱིས་དཀའ་ལས་བརྒྱབ་ནས་ཤེས་བྱའི་ལམ་བུའི་ཐོག་གི་སྐས་འཛེགས་དང་པོ་དེ་འཛེག་ཚར་སོང་། ཡིན་ཡང་ད་གཟོད་ཤེས་བྱའི་སྐས་འཛེགས་གཉིས་པ་འཛེག་ལ་ཉེ་དུས། རང་གི་ཕ་མ་དང་ཁ་བྲལ་ནས་རང་གི་དྲོ་སྐྱིད་ལྡན་པའི་ཁྱིམ་ལ་ཡང་ལོག་རྒྱུ་མེད་པའི་རྒྱང་རིང་གི་སློབ་གྲྭ་གསར་པ་ཞིག་ལ་སླེབས་སོང་། དགེ་རྒན་གསར་པ། ཁོར་ཡུག་གསར་པ། ཐ་ན་སློབ་གྲོགས་ཀྱང་གསར་པ་ཡིན་པས། ད་ཆ་རང་ཉིད་ཀྱི་ཕ་མ་འགྲམ་ལ་མེད་ཀྱང་རང་ནུས་བཏོན་ནས་འཚོ་བ་སྐྱེལ་བའི་དུས་ལ་སླེབས། ཞོགས་པའི་སྐྱ་རེངས་འཆར་བའི་དུས་སུ་སློབ་གྲྭའི་སྒོ་རའི་ནང་དུ་ཅ་ཅོའི་འུར་སྒྲས་ཁེངས་པ་དེ་སློབ་ཕྲུག་རྣམས་ཀྱིས་དཔེ་དེབ་ཀློག་པའི་སྒྲ་ཡིན། རང་སྦྱོང་གི་དུས་སུ་སློབ་གྲྭ་ཡོངས་ཁུ་སིམ་མེར་གནས་ཤིང་སྐབས་ཤིག་ལ་སྦྲང་བུ་འཕུར་བའི་སྐད་ཀྱང་གོ་རྒྱུ་ཡོད།
སློབ་གཉེར་བྱེད་སྐབས་མ་གཞི་དཀའ་ངལ་མང་པོ་འཕྲད་སྲིད། ཡིན་ཡང་ང་ཚོས་དཔའ་མི་ཞུམ་པར་དཀའ་ངལ་ཁྱད་བསད་བྱེད་དགོས། ང་ཚོས་དུས་ཚོད་དམ་འཛིན་བྱས་ནས་དེ་རིང་གི་ང་ནི་ཁ་སང་གི་ང་ལས་ལྷག་པ་དང་། སང་ཉིན་གྱི་ང་ནི་དེ་རིང་གི་ང་ལས་ངར་ཤུགས་ལྡན་པ་ཞིག་བྱེད་ཐུབ་པ་དགོས། ཀྭ་ཡེ། སློབ་གྲོགས་ཚོ། གུས་མོ་དང་མཉམ་དུ་ཤེས་བྱའི་སྐས་རིམ་གསར་པ་འཛེགས་པར་ཤོག་ཨང་། །
ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ༧(༦)
ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།