西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །གཟའ་འཁོར་གཅིག་གི་འགྲོ་སོང་། ༄༅། །བདག་གི་དགེ་རྒན། ༄༅། །གཟའ་འཁོར་གཅིག་གི་འགྲོ་སོང་།

放大 缩小 默认

༄༅། །གཟའ་འཁོར་གཅིག་གི་འགྲོ་སོང་།

□ 作者 མིག་སྐྱིད།

ངའི་ངོས་ནས་བརྗོད་ན་གཟའ་འཁོར་གཅིག་གི་དངུལ་ག་ཚོད་ཕྱིན་མིན་རྩ་བ་ནས་བརྟན་པོ་མེད། མཚམས་རེ་གཟའ་འཁོར་རེར་སྒོར་ཉི་ཤུ་ཙམ་འགྲོ་གི་འདུག མཚམས་རེར་སྒོར་ཉིས་བརྒྱ་ལྷག་ཙམ་འགྲོ་གི་འདུག ཡང་མཚམས་རེར་གྱོན་ཆས་ཉོ་དགོས་པས་སྒོར་ལྔ་བརྒྱ་ལྷག་ཙམ་འགྲོ་གི་འདུག སྤྱིའི་ཆ་ནས་དངུལ་གྱི་འགྲོ་སོང་དེ་འདྲ་ཞིག་རེད། ཁྱིམ་ནས་སློབ་གྲྭར་ཡོང་དུས་ཕ་མས་ང་ལ་སྒོར་༡༠༠༠ལྷག་ཙམ་སྤྲད་ཀྱི་རེད། དེ་ནི་ང་རང་གི་སློབ་དུས་གཅིག་གི་འགྲོ་སོང་རེད། སློབ་དུས་གཅིག་གི་ནང་དངུལ་དེ་ཚོས་རྩ་བ་ནས་འདང་ཐབས་མི་འདུག འོན་ཀྱང་ངས་ཁྱིམ་ལ་ཁ་པར་བརྒྱབ་ནས་དངུལ་སྟེར་དང་རྩ་བ་ནས་ལབ་ཕོད་ཀྱི་མེད།

ད་རེས་དངུལ་མང་ཆེ་བ་དགུན་དུས་ཀྱི་གྱོན་གོས་ལ་ཕྱིན་སོང་། སྔོན་མ་ཡིན་ན་རང་ཡུལ་ལ་ལོག་སྟེ་ཁྱིམ་ནས་དགུན་ཆས་འཁྱེར་ཡོང་གི་ཡོད། སློབ་དུས་འདི་ལ་ཐེངས་གཅིག་ཀྱང་ལོག་མེད་པའི་རྐྱེན་གྱིས་འགྲོ་སོང་སྔོན་ལས་མང་བ་ཕྱིན་སོང་། ད་རེས་ཅང་སུའུ་ཡང་ཀྲའུ་རོགས་སྐྱོར་ཚོགས་པས་ང་ལ་ཟླ་རེར་སྒོར་ཉིས་བརྒྱ་ལྷག་ཙམ་ཞིག་སྤྲད་བྱུང་། སློབ་དུས་འདི་ལ་གཅེན་པོ་དང་སྤུན་མཆེད་ཀྱིས་དངུལ་སྟེར་བྱུང་། སློབ་གྲྭར་འགྲོ་མཁན་ཕྲུ་གུ་བཞི་ཡོད་པས་མི་གཅིག་ཡོང་འབབ་ཀྱི་རྩ་བ་ནས་འཁྱོལ་ཐབས་མེད་པས། ཁྱིམ་དུ་འཕྲུལ་འཁོར་ཆེན་པོ་གཅིག་ཡོད་པ་དེ་ལ་བརྟེན་ནས་ཡོང་འབབ་བསགས་ཀྱི་ཡོད། འོན་ཀྱང་དེང་སང་འཕྲུལ་འཁོར་དེ་ལ་ཡང་ལས་ཀ་མང་པོ་མི་རག པཱ་ལགས་ནི་གཙོ་བོ་ཞིང་ལས་དང་གྲོང་ཚོའི་སྤྱི་ལས་ལ་འགྲོ་དགོས་པས་ཁྱིམ་གྱི་ཡོང་འབབ་གཙོ་བོ་ཨ་ཁུ་གཅིག་པོར་བརྟེན་དགོས། མཚམས་རེ་མོ་ཊའི་ལས་ཀ་མེད་ན་ཁོང་ཉིན་ལས་ལ་འགྲོ་གི་ཡོད། དགུན་དུས་དང་དབྱར་དུས་ཀྱི་གུང་གསེང་རིང་པོ་ཡོད་དུས་ང་རང་ཡང་ཉིན་ལས་ལ་འགྲོ་གི་ཡོད། ཞོགས་པའི་ཆུ་ཚོད་བརྒྱད་པ་ནས་དགོང་དྲོའི་ཆུ་ཚོད་དྲུག་པ་བར་ལས་ཀ་བྱེད་དགོས་པ་མ་ཟད་ཉིན་གུང་གི་ལྟོ་ཆས་ཀྱི་དུས་ཚོད་ཀྱང་ཐུང་ཐུང་ཞིག་ལས་མེད་པས་དཀའ་ལས་ཧ་ཅང་ཁག་པོ་འདུག གྲོང་ཚོའི་ནང་གི་ཁྱིམ་ཚང་གཞན་ལ་ཡོང་འབབ་གསོག་པར་འགྲོ་མཁན་མང་པོ་ཡོད། མི་ཁ་ཤས་ཀྱིས་ང་ཚོའི་ཕ་མ་ལ། ཕྲུ་གུ་ཆ་ཚང་སློབ་གྲྭར་བཏང་ནས་ག་རེ་བྱེད་དམ། གཅིག་ཁྱིམ་དུ་ཉར་ཏེ་ཡོང་འབབ་གསོག་པར་བཏང་ན་ཡག་ཤོས་རེད། སོགས་སྐད་ཆ་འདྲ་མིན་ཟེར་གྱི་འདུག འོན་ཀྱང་ཨ་ཁུས་ཁོ་ཚོར། ང་བསྡད་ཡོད་པའི་ཚེ་མི་གཞན་ལ་དངུལ་གཡར་དགོས་བྱུང་ཡང་ཕྲུ་གུ་ཚང་མ་སློབ་གྲྭར་བཏང་གི་ཡིན། ཞེས་ཚིག་ཐག་ཆོད་པོས་ལན་བརྒྱབ་ཀྱི་འདུག སྐད་ཆ་དེ་ཚོ་སེམས་ལ་དྲན་དུས་ང་ནི་རང་དབང་མེད་པར་མིག་ལ་མཆི་མ་འཁོར་གྱི་འདུག གཅེན་པོ་དང་ལོ་ཚོད་གཅིག་པ་ཡིན་པའི་ཕྲུ་གུ་ཚང་མ་ཁྱིམ་དུ་ཉར་ནས་ཕྱིར་ཡོང་འབབ་བསགས་པར་འགྲོ་གི་ཡོད། ང་ཚོའི་ཁྱིམ་ལ་དཀའ་ངལ་ག་ཚོད་ཆེ་ཡང་ཕྲུ་གུ་ཚང་མ་སློབ་གྲྭར་བཏང་ཡོད།

གུང་གསེང་རྒྱུན་རིང་དུས་ཕ་མ་དང་ལྟ་བ་མི་མཐུན་པའམ་ཉིན་ལྟར་ཁ་པར་བལྟས་བསྡད་ཚེ་ཕ་མ་དང་ཁ་རྩོད་ཀྱང་ཤོར་གྱི་འདུག ཨ་མས་ཉིན་གང་དཀའ་ལས་བརྒྱབ། ཁྱིམ་དུ་སླེབས་དུས་ངས་ཨ་མས་ཞོགས་པ་བསྐུལ་བའི་ལས་ཀ་དེ་ཡང་ལེགས་གྲུབ་བྱས་མེད། དེ་དུས་ཁོང་གིས་ངར་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པར་རང་ཉིད་ཀྱིས་ལས་ཀ་དེ་ཚོ་ཚང་མ་བྱེད་ཀྱི་རེད། བསམ་བློ་ཡག་པོ་ཞིག་བཏང་ཚེ་ཁོང་སེམས་སྐྱོ་དགོས་པ་བཟོས་པ་དེར་འགྱོད་པ་ཧ་ཅང་ཆེན་པོ་སྐྱེ། ཨ་མ་ལགས་ང་ཚོའི་ཁྱིམ་ལ་མནའ་མར་ཡོང་བ་ནས་བཟུང་ཞོགས་ལྟར་ཆུ་ཚོད་དྲུག་པར་ལངས་དགོས། དེ་ནི་ལོ་གཅིག་གཉིས་མ་རེད། ལོ་བཅུ་ཕྲག་རྒྱུན་འཁྱོངས་བྱས་ཡོད། དགུན་གྲང་མོ་ག་ཚོད་ཡོད་ཀྱང་ཆུ་ཚོད་དྲུག་པ་ཙམ་ལ་ལངས་ནས་བ་མོ་བཞོ་བ་དང་། ཁྱིམ་གྱི་མི་ཚང་མའི་ལྟོ་ཆས་གྲ་སྒྲིག་བྱེད་དགོས། མཚམས་རེ་པཱ་ལགས་ཞོགས་པ་སྔ་པོ་ནས་ཞིང་ཁའི་ནང་དུ་ཆུ་བཏང་བར་འགྲོ་དགོས་ཚེ་ཨ་མ་ལགས་དེ་ལས་སྔ་བ་ལངས་ནས་ཇ་བསྐོལ་བ་སོགས་བྱེད་དགོས། ཉིན་གཅིག་ངས་ཁོང་ལ་སང་ཞོགས་པ་སྔ་པོ་ནས་ལངས་ཏེ་ཁོང་ལ་ལས་ཀ་བྱེད་རོགས་བྱེད་ཅེས་ཁས་བླངས་པ་ཡིན། འོན་ཀྱང་ཉིན་གཉིས་པར་ཁོང་གིས་ང་ག་ཚོད་བོས་ཀྱང་ངས་ལགས་ཟེར་ནས་ཉལ་བསྡད་པ་ཡིན། ད་ལྟ་དེ་ཚོ་བསམ་བློར་འཁོར་དུས་ང་རང་བྱོལ་སོང་གཅིག་དང་ཁྱད་གང་ཡོད་སྙམ། མཐོ་གསུམ་ལ་ཞོགས་པ་ཆུ་ཚོད་ལྔ་པ་ཙམ་ནས་ལངས་དགོས་དུས་ཨ་མ་ལགས་དཀའ་ལས་ག་ཚོད་ཡོད་པ་ངས་སེམས་གཏིང་ནས་མྱོང་ཚོར་ཐུབ་བྱུང་།

གཅེན་པོའི་ངོས་ནས་བཤད་ན། ཁོང་ནི་ཁྱིམ་ལ་ཧ་ཅང་བརྩེ་བའི་མི་ཞིག་རེད། ཁ་སང་སློབ་གྲྭ་མ་ཚུགས་གོང་དུ་གཅེན་པོས་ཆུ་མོག་བརྒྱ་ལྷག་ཙམ་བཟོས་ནས་འཁྱགས་སྒམ་ནང་དུ་བཞག་འདུག ནང་མི་ཚང་མ་བྲེལ་བས་ཁ་ལག་བཟོ་བའི་དུས་ཚོད་མེད་དུས་ཆུ་མོག་བཙོས་ཏེ་བཟས་ན་སྟབས་བདེ་ཟེར་གྱི་འདུག གུང་གསེང་བཞག་ཚེ་ཨ་མ་ལགས་ཐབ་ཚང་ནང་དུ་འགྲོ་དགོས་མེད། ང་ཚོའི་ཁ་ལག་ཚང་མ་གཅེན་པོས་བཟོ་གི་རེད། ང་རང་བུ་མོ་ཞིག་གི་ངོས་ནས་བཤད་ན་ཁ་ལག་ཡག་པོ་བཟོ་ཤེས་ཀྱི་མེད། གཅེན་པོས་ང་ལ་ལས་ཀ་བསྐུལ་ན་ངས་ད་དུང་ཁོ་ལ་ཁ་ལན་སློག་གི་ཡོད། ཁྱིམ་མི་དང་སྤུན་མཆེད་ཚང་མས་གཅེན་པོ་ནི་བུ་མོ་ལས་ཀྱང་སེམས་རྩ་འཁོལ་བ་འདུག་ཟེར་གྱི་ཡོད། སློབ་ཆེན་དུ་རང་ཉིད་ཀྱིས་ཚོང་བརྒྱབ་ནས་དངུལ་བསགས་ཏེ་འཚོ་བའི་འགྲོ་སོང་འགན་ལེན་བྱེད་པ་ལས་ཁྱིམ་ནས་སྒོར་གཅིག་ཀྱང་ལེན་མྱོང་མེད་པ་མ་ཟད་ཁྱིམ་གྱི་མི་ཚང་མར་དགུན་དུས་ཀྱི་སྟོད་གོས་རེ་རེ་ཉོས་འདུག

ཕ་མས་ཕ་མའི་དཀའ་སྡུག་ཁྱད་བསད་བྱས་ནས་ང་ཚོ་སློབ་གྲྭར་བཏང་། འོན་ཀྱང་ང་ཚོས་སློབ་གྲྭའི་ནང་དུ་སློབ་སྦྱོང་ཡག་པོ་མ་བྱས་པར་ཉིན་ལྟར་ཕ་མར་སེམས་ཁྲལ་བཟོས། ཨ་མས་ང་རང་ལ་གཞན་དང་འདྲ་བའི་འཚོ་བའི་ཆ་རྐྱེན་བསྐྲུན་ན་ཡང་ངས་གཞན་དང་འདྲ་བའི་སློབ་སྦྱོང་བྱེད་ཐུབ་ཀྱི་མེད། མཐོ་གསུམ་ལོ་གཅིག་ནི་རང་ཉིད་ཀྱི་ལས་དབང་ལ་འགྱུར་ལྡོག་གཏོང་ཐུབ་པའི་འགག་རྩའི་དུས་སྐབས་ཤིག་ཡིན་པས། ངས་འཁྱུག་ཙམ་གྱི་སྐྱིད་སྣང་ལ་དབྱིངས་མ་ཞུགས་པར་ཉིན་བརྒྱ་ལྷག་ཙམ་གྱི་ནང་འབད་བརྩོན་བྱས་ནས་འགྱོད་པ་མེད་པའི་མ་འོངས་ཞིག་བསྐྲུན་ཆེད་ཤུགས་བརྒྱབ་རྒྱུ་ཡིན་ནོ། །

ལྷ་ས་ཅང་སུའུ་ཚོད་སློབ་ལོ་རིམ༣(༡༡)

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明