ནམ་མཁར་སྐྱ་རེངས་ཤར་དུས། །མལ་ལས་ལངས་གྲབས་བྱས་ཡོད། །
ཆུ་བཀོལ་རྩམ་པ་བླུགས་སོང་། །ཞོགས་ཇ་རང་གིས་བཟོས་པ། །
བུ་མོ་ཡག་སོང་མིན་ན། །ཁ་པར་ལྟ་བའི་དོན་དུ། །
ཕ་མས་བཀའ་བསྐྱོན་གཏོང་བར། །ཆུ་རགས་བརྒྱབ་པ་ཙམ་མོ། །
ལྷ་ལ་མཆོད་པ་མེད་ཅིང་། །གཞན་ལ་གསོལ་ཡང་མ་བཏབ། །
ལག་ཏུ་ཕོར་པ་བཟུང་ནས། །ཁ་པར་རྗེས་སུ་འབྲངས་ཐལ། །
དུས་ཚོད་ཡུག་ཙམ་ཕྱིན་ཡོད། །ནང་མི་རིམ་བཞིན་ལངས་དུས། །
བཀའ་བསྐྱོན་ཡོང་བར་དོགས་ནས། །ཁ་པར་མི་འཇོག་ཀ་མེད། །
ཐབ་ལ་མེ་ཞིག་བཏང་ཡོང་། །ཐལ་བ་ཕྱི་ལ་བུད་ཡོང་། །
ནང་ལ་གཙང་སྦྲ་བྱས་ཆོག །ལས་ཀ་ཡོད་ཚད་ཚར་ནའང་།།
སེམས་ནི་སྟོང་ལྷང་ལྷང་གི །ཚོར་བ་འགོག་ཐབས་མི་འདུག །
ཁ་པར་ཅུང་ཟད་བལྟས་པར། །ང་ལ་བཀའ་བསྐྱོན་མ་གནང་། །
འཁྱུག་གཡེང་བལྟས་པའི་མོད་ལ། །འགོག་ཐབས་མེད་པའི་ཚོར་བ། །
དེ་ནས་གནམ་ལ་ཡལ་སོང་། །ཨ་ཙི་ཁ་པར་རིན་ཆེན། །
སེམས་ནད་གསོ་བའི་བདུད་རྩི། །ལྟས་ངན་ཁ་པར་གློག་ཟད། །
མྱུར་དུ་གློག་དེ་གསོག་དགོས། །ཁ་པར་མེད་པའི་དུས་ཚོད། །
སྐར་མ་ཟླ་ལས་རིང་བ། །ད་ནི་སྒུག་ཐབས་བྲལ་སོང་། །
གློག་མེ་གསོག་བཞིན་གསོག་བཞིན། །འཁྱུག་གཡེང་རོལ་བས་ཅི་སྐྱོན། །
ཏག་ཏག་ཨ་མས་མཐོང་ནས། །བཀའ་བསྐྱོན་དྲག་པོ་གནང་སོང་། །
ཁྱོད་ཀྱང་གུས་ཞབས་མེད་པས། །རྒན་ལ་ཁ་ལན་བྱས་སོང་། །
གཏམ་གྱི་རལ་གྲི་བཏོན་ཡང་། །རང་ལ་གནས་ལུགས་མེད་པས། །
ཉལ་ཁང་ནང་དུ་རྒྱུགས་ནས། །སྒོ་དེ་ཤུགས་ཀྱིས་བརྒྱབ་ཡོད། །
འདས་དོན་སེམས་ལ་འཁོར་ཡོད། །ཞོགས་པ་སྔ་པོ་ངས་ལངས། །
ལས་ཀ་ཚང་མ་ངས་བྱས། །ཁ་པར་ཅུང་ཟད་བལྟས་ཀྱང་། །
བཀའ་བསྐྱོན་དྲག་པོ་གནང་བྱུང་། །ད་ནི་ཁོང་གིས་ང་ལ། །
བརྩེ་བ་ཡེ་ནས་མི་འདུག །བསམས་ནས་མིག་ཆུ་ཤོར་ཡོད། །
ངུ་བཞིན་གཉིད་དུ་ཡུར་སོང་། །འཁོན་འཛིན་ས་བོན་བཏབ་ཡོད། །
ང་ཚོ་ཕ་མའི་དབར་ལ། །བར་ཐག་ཇེ་རིང་བཏང་གདའ། །
ཁ་པར་ཡོད་པའི་རྐྱེན་གྱིས། །སེམས་ཀྱི་གནོན་ཤུགས་སེལ་ཡོད། །
ཁ་པར་ཡོད་པའི་རྐྱེན་གྱིས། །ཉི་མ་འཁྱོལ་ཙམ་བྱུང་སོང་། །
ཁ་པར་ཡོད་པའི་རྐྱེན་གྱིས། །ཉིན་མོ་སྟོང་བསམ་མང་བ། །
ཁ་པར་ཡོད་པའི་རྐྱེན་གྱིས། །རང་སེམས་རང་གིས་བརླག་ཡོད། །
མདུན་བསྐྱོད་ལམ་བུ་བོར་སོང་། །མི་ཚེའི་ཕུགས་བསམ་ཡལ་སོང་། །
ཚེ་གཅིག་ལུས་གཅིག་འདི་ལ། །དྲིན་ཅན་ཡབ་ཡུམ་གཉིས་ཀྱི། །
བཀའ་དྲིན་རླུང་ལ་བསྐུར་ཡོད། །ངེད་ཀྱི་ཁ་པར་རིན་ཆེན། །
རང་ཉིད་ཕུང་བའི་རྒྱུ་ཡིན། །འདྲེན་བྱེད་སྦྱིན་པ་བཏང་ཡོད། །
དེ་བཞིན་དུས་ཚོད་མི་ཚེ། །ཕ་མའི་རེ་བ་དང་ནི། །
དགེ་རྒན་ལྷག་བསམ་དཀར་པོའི། །གསོ་སྐྱོང་ཆུད་ཟོས་བཏང་ཡོད། །
འགྱོད་པ་སྐྱེས་ཀྱང་ཕྱིས་སོང་། །དུས་ལ་བསྐྱར་ལོག་མི་འདུག །
ཤིན་ཏུ་ཕྱིས་པའང་མ་རེད། །བྱ་སྤྱོད་ཐབས་ཀྱིས་བསྒྱུར་ན། །
ང་དང་ང་འདྲའི་སྐྱེ་བོ། །དུས་གསུམ་རེ་བས་ཁེངས་ཡོང་། །
ལྷག་བསམ་དཀར་པོའི་སྙིང་གཏམ། །མཇལ་དར་དཀར་པོ་བརྒྱུད་དེ། །
ངེད་ཀྱི་རིགས་ལ་ཕུལ་ལོ། །འཚེ་མེད་ཕན་པར་སྨོན་ནོ། །
ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།
ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།