བདག་གི་ཕ་ཡུལ་ནི་གཙང་པོ་རྒྱུགས་ཁུལ་ལམ་ཕྱོགས་བཞི་རི་ཡིས་ཡོངས་སུ་བསྐོར་བའི་བོད་ལྗོངས་ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་གི་ཕྱོགས་སུ་ཆགས་ཡོད། དེ་ཡང་ལྷ་ས་གྲོང་ཁྱེར་ནས་ལྷོ་ཁའི་ཕྱོགས་སུ་བསྐྱོད་པ་ཡིན་ཚེ་སྔོན་མ་ཡིན་ན་སྣུམ་ནག་གཞུང་ལམ་དང་མེ་འཁོར་སོགས་མེད་པའི་རྐྱེན་གྱིས་འགྲོ་ལམ་སྟབས་མི་བདེ་བ་དང་། ད་དུང་ལམ་སྟེང་དེ་ཙམ་གྱི་འཇམ་པོ་མེད་པས་འཕྲུལ་འཁོར་ནང་ཡོམ་ཡོམ་བྱེད་པ་སོགས་ཧ་ཅང་དཀའ་ངལ་ཆེན་པོ་ཡོང་གི་ཡོད་པ་རེད། ད་ལྟ་ཡིན་ཚེ་མེས་རྒྱལ་གྱི་བཀའ་དྲིན་བཟང་པོའི་འོག་ལྷ་ས་ནས་ལྷོ་ཁ་བར་དུ་མྱུར་བགྲོད་གཞུང་ལམ་ཙམ་མ་ཟད་མེ་འཁོར་གྱི་ལམ་བསྐྲུན་ནས་ལྷ་ས་ནས་ལྷོ་ཁར་དུས་ཚོད་ཆུ་ཚོད་གཅིག་གཉིས་ནང་སླེབས་ཐུབ་པའི་ཆ་རྐྱེན་བསྐྲུན་ཡོད།
ཕ་ཡུལ་ཞེས་པའི་ཡིག་འབྲུ་དེ་བདག་གི་རྣ་བའི་བུ་གར་ཐོས་དུས་དེ་ནི་ཆེས་མཛེས་སྡུག་ལྡན་པ་དང་ཆེས་ཡིད་དབང་འཕྲོག་པའི་ཚིག་ཞིག་ཡིན་པ་སུ་ལའང་མྱོང་ཚོར་ཡོད་འདུག ཕ་ཡུལ་ལ་རང་ཉིད་ཆུང་ཆུང་བྱིས་པའི་དུས་ཀྱི་རྩེད་རོགས་དང་རྩེད་ས་ཡོད་པས་ཕྱིས་སུ་ས་ཆ་སྐྱིད་པོ་གང་འདྲ་ཞིག་ལ་སླེབས་རུང་གནས་དེ་ནི་འདོར་ཐབས་མེད་ལ་བརྗེད་ཐབས་རྩ་བ་ནས་མེད་པའི་ཡུལ་ཞིག་ཡིན། དེ་ལས་ཀྱང་བདག་གི་ཕ་ཡུལ་ནི་རི་སྟེང་སྤང་རྩ་དང་བར་དུ་ཤིང་ནགས་ཀྱི་སྟུམ་པ། འོག་ཏུ་གྲོང་རྡལ་ཆགས་པའི་ཡུལ་ཞིག་ཡིན་པས་དེར་ཐག་རིང་གི་སྐུ་མགྲོན་གང་འདྲ་ཞིག་སླེབས་རུང་དེར་བསྟོད་དབྱངས་མི་ལེན་མཁན་སུ་ཡང་མེད། ཡུལ་དེའི་མི་རྣམས་ནི་སེམས་པ་བཟང་ལ་ལས་ལ་བརྩོན་ཞིང་ཡུལ་མི་ཕན་ཚུན་རོགས་རམ་བྱེད་པར་སྤྲོ་བས་སུས་ཀྱང་ཡིད་སྨོན་མི་བྱེད་པ་མི་སྲིད། ལྷོ་ཁ་ཡུལ་ནི་མ་གཞི་ནས་ས་བབས་སྤྱིར་དམའ་ཞིང་ས་ཆུ་འཛོམས་པ་སོགས་ཀྱི་དགེ་མཚན་གང་མང་ལྡན་པའི་ཡུལ་ཞིག་ཡིན་པས་དེར་འབྲུ་རིགས་སྣ་ལྔ་ཡོད་པ་མ་ཟད། རིག་གནས་ཀྱི་འབྱུང་ཁུངས་ཤིག་ཀྱང་ཡིན་པ་མི་ཚང་མའི་ཁྱད་ལེན་གནང་གི་ཡོད་པ་དོན་དང་མཐུན་པར་སྙམ།
མཇུག་ཏུ་ངས་བདག་གི་ཕ་ཡུལ་དེ་བས་མཛེས་སྡུག་ལྡན་པ་དང་དེ་བས་འབྱོར་ཕྱུགས་ལྡན་པ་ཞིག་ཡོང་ཆེད། རྒྱ་ཆེའི་གཞོན་ནུ་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པའི་དགོངས་པར་སློབ་སྦྱོང་ལེགས་པར་བྱས་ནས། མ་འོངས་པའི་དུས་ཚོད་ནང་རང་ཉིད་ཡུལ་ཕྱོགས་གང་འདྲ་ཞིག་ཏུ་སླེབས་ཀྱང་རང་ཉིད་ཀྱི་ཕ་ཡུལ་འཛུགས་སྐྲུན་བྱ་ཆེད་བརྩོན་པ་བརྒྱ་དང་འབད་པ་སྟོང་གིས་རང་རང་གི་ལས་ལ་ལེགས་པར་བརྩོན་ཏེ། མཐར་མེས་རྒྱལ་དང་ཕ་ཡུལ་འཛུགས་སྐྲུན་ནང་རང་ཉིད་ཀྱི་སྟོབས་ཤུགས་ཆུང་ཆུང་དེ་འབུལ་ཐུབ་པར་བྱས་ཚེ་གཞི་ནས་རང་ཉིད་ཀྱིས་ཕ་ཡུལ་ལ་བཅངས་པའི་བརྩེ་དུང་དེ་མཚོན་ཐུབ་ལ། དེ་བས་ཀྱང་རང་ཉིད་ཕ་ཡུལ་ལ་ལོག་པའི་དུས་སུ་སྤོབས་པ་ཆེན་པོས་འདི་ནི་བདག་གི་ཕ་ཡུལ་ཟེར་བར་ངོ་གནོང་མི་དགོས་པ་ཡོང་སྲིད་དོ། །