西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །སྐྱེད་མ། ༄༅། །རླབས་ཆེན་གྱི་དགེ་རྒན། ༄༅། །ཤེས་རབ་ཀྱི་སྒྲོན་མེ། ༄༅། །བདག་གི་ཕུགས་བསམ། ༄༅། །བདག་གི་ཕ་ཡུལ།

放大 缩小 默认

༄༅། །སྐྱེད་མ།

□ 作者 གར་བློ་བཟང་རྡོ་རྗེ།

ཨ་མ་ལགས། སྐུ་ཉིད་བདེ་མོ་ཡིན་ལགས་སམ། མཚན་མོ་རྨི་ལམ་ནང་འཁོར་བ་ནི་ཁྱེད་ཡིན་ལ་ཉིན་མོ་མིག་ནང་འཆར་བ་ཡང་ཁྱེད་ཡིན། ངའི་མི་ཚེ་ཡི་ལམ་བུ་ན། སྐུ་ཉིད་ནི་མུན་ནག་གི་མི་ཚེའི་ལམ་འཕྲང་གསལ་བར་བྱེད་པའི་སེམས་ཁོང་གི་སྐར་མ་འོད་ཆེན་ཞིག་དང་དཀར་གསལ་ཟླ་བ་བཞིན་མདུན་ངོས་འོད་ཀྱིས་གསལ་བར་བྱེད། ནམ་དུས་ཀྱི་གྲུ་ཁ་ན་ཕྱོགས་སྟོན་ཀྱི་བ་དན་དང་འདྲ་བར་དབྱར་དགུན་སྟོན་དཔྱིད་མེད་པར་བདག་གི་རྒྱབ་ངོས་ན་ལངས་ཡོད།

ལྷ་ས་ཡི་བར་སྐོར་གླིང་ན་ཕྱག་དང་བསྐོར་བ་བརྒྱབ་མཁན་རྣམས་མཐོང་ཚེ། ཕ་ཡུལ་གྱི་རྩྭ་ཐང་ན་ལུག་ཁྱུ་དང་ལྷན་དུ་འགྲོགས་པའི་ཨ་མ་ལགས་དྲན་བྱུང་། ཁོང་ནི་རི་ལ་གཏད་པའི་གངས་རི་དང་སྤང་ལ་གཏད་པའི་མེ་ཏོག མི་ལ་གཏད་པའི་ལྷ་མོ་ཡིན། དབྱར་གྱི་ཆར་ལ་སྐྲག་མི་མྱོང་ལ་དགུན་གྱི་ཁ་བ་བུ་ཡུག་ལ་ཡང་སྐྲག་མི་མྱོང་། ས་སྟེང་ན་ཡོད་པ་ནི་ཨ་མ་ལགས་ཀྱི་ཞབས་རྗེས་དང་གཡང་དཀར་ལུག་གི་རྨིག་རྗེས་ཡིན། རི་ཀླུང་ཐང་གསུམ་གང་དུ་སོང་ཡང་ཨ་མ་ལགས་ཀྱིས་ས་དོག་མོ་གོམ་གྱིས་འཇལ་བའི་རྡིག་སྒྲ་དེ་ཡལ་རྒྱུ་མེད། ཚེ་སྲོག་གི་ལང་ཚོ་སྟེར་བའི་ཨ་མ་ལགས་ནི་བུ་ཕྲུག་སེམས་ཀྱི་ཉི་མ་དང་མི་ཡུལ་ལ་ཆས་པའི་ལྷ་མོ་ཡིན། ཨ་མ་མེད་ན་འཇིག་རྟེན་འདི་ན་འོད་དཀར་མེད་ཅིང་སྙན་འཇེབས་ཀྱི་གླུ་སྒྲ་མེད་ལ་སོ་དཀར་གྱི་འཛུམ་ཕྲེང་ཡང་གང་ན་ཡོད་མ་ཡིན། དྲིན་ཆེན་སྐྱེད་མ་ཡོད་པ་ལས་ཁ་སང་གི་མཚར་སྡུག་འོད་སྟོང་འབར་བའི་ལོ་རྒྱུས་ཡོད་ལ་དེ་རིང་གི་དགོད་སྒྲ་དང་སང་ཉིན་གྱི་རེ་བའི་འོད་དཀར་ཡང་ཡོད། དེ་རིང་གི་ང་སེམས་དགའ་བའི་དགོད་སྒྲ་འདི་ང་ལ་ཡོད་པ་ལས་ཨ་མ་ལ་ཡོད་མ་ཡིན། ཨ་མ་ནི་བུ་ཕྲུག་དང་ཁྱིམ་ཚང་གི་ཆེད་དུ་འཁོར་བ་ཁབ་ཀྱི་རྩེ་མོ་ན་བདེ་བ་ལན་གཅིག་ཐོབ་པར་དཀའ། འོན་ཀྱང་བུ་ཕྲུག་དང་ཁྱིམ་ཚང་གི་མདུན་ན་ཨ་མ་ལགས་ཀྱི་དགོད་སྒྲ་དང་ཞལ་འཛུམ་ཞག་གིས་ཕྱུག་པ་ལས་ཡིད་ཐང་ཆད་པའི་གདོང་གཤིས་དེ་གཏན་ནས་མེད། ང་རང་སྐྱེས་པ་ནས་ད་ལྟ་བར་ཨ་མ་ལགས་ཀྱི་ཞལ་འཛུམ་དང་དགོད་སྒྲ་ལས་ཡིད་ཐང་ཆད་པའི་རྣམ་འགྱུར་དང་སྡུག་སྐད་ནི་གཅིག་ཀྱང་མཐོང་མྱོང་དང་གོ་མྱོང་མེད། ཁྱོད་ཚོ་ལ་མཚོན་ན་དེ་འདྲ་ཨེ་རེད། ང་རང་ལ་དེ་འདྲའི་མ་དྲིན་ཆེན་ཞིག་བཀོད་པ་དེ་ནི་ང་ཡི་བསོད་ནམས་ཡིན། ང་ཚོ་ལ་མཚོན་ན་ཕ་མར་རླུང་དང་འཁང་ར་བྱེད་པ་ནི་ངོ་ཚ་རེད་སྙམ། ཨ་མ་ལགས་ཀྱིས་གནམ་འདེགས་པར་ཡུས་མེད་པར་བུ་ཕྲུག་གིས་ཤིག་གསོད་པར་ཡུས་བྱེད་རིན་མེད། མདོར་ན་ང་ཚོ་ཡི་བདེ་སྐྱིད་ཀྱི་དགོད་སྒྲ་ནི་ཨ་མ་ལགས་ཀྱི་རྔུལ་ཆུ་ལས་ཐོན་པ་ཞིག་ཡིན་པས་ནམ་ཡང་རང་ཉིད་འཇོན་པར་རློམ་རིན་མེད།

ཨ་མ་ལགས། སྐུ་ཉིད་ཀྱི་བྱམས་བརྩེ་ནི་དངུལ་དཀར་གྱི་མེ་ལོང་རེད། དངུལ་ལ་བྱིན་རླབས་རང་གྲུབ་རེད། རྣམ་དག་གིས་སྐྱབས་འཇུག་ཞུ་སའི་སྐྱེད་མ་ལགས། སྐུ་ཉིད་ཀྱི་དུས་ཆེན་སླེབས་ལ་ཉེ་བའི་མཚམས་འདིར་བུ་ངས་བཀྲ་ཤིས་བདེ་ལེགས་དང་ཆབས་ཅིག་གནམ་འོག་གི་སྐྱེད་མ་རྣམས་ལ་ཚེ་རིང་ནད་མེད་ཞུའོ། །

ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明