དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”གསར་གཏོད་དང་འཕེལ་རྒྱས་གཏོང་བ་དང་། གཞི་རིམ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཁྲིམས་འཛིན་ཞབས་ཞུའི་དགོས་མཁོ་གསར་པ་དང་རེ་བ་གསར་པ་སྐོང་ཆེད། བོད་རང་སྐྱོང་ལྗོངས་གཞིས་རྩེ་ཁྲིམས་ཁང་གིས“གཏུག་བཤེར་མེད་པའི་གྲོང་ལྷན”འཛུགས་གཏོད་ལས་དོན་ཧུར་ཐག་སྤེལ་ནས་ཁྲིམས་སྐྱོང་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས“གནད་དོན་ཆུང་གྲས་གྲོང་ཚོ་ནས་ཐག་གཅོད་ཐུབ་པ་དང་། གནད་དོན་ཆེ་གྲས་གྲོང་རྡལ་ནས་ཐག་གཅོད་ཐུབ་པ། འགལ་བ་ཡོད་ན་ཞུ་གཏུག་མི་བྱེད་པ”བཅས་མངོན་འགྱུར་བྱུང་ཡོད་པ་རེད།
འདི་ལོའི་ཟླ་4ཚེས་10ཉིན་ལྷ་རྩེ་རྫོང་ཁྲིམས་ཁང་གིས“གཏུག་བཤེར་མེད་པའི་གྲོང་ལྷན”འཛུགས་གཏོད་ཀྱི་འགོ་ཚུགས་མཛད་སྒོ་གཉེར་བ་དེ་ཐོག་ནས་གཞིས་རྩེ་ཁྲིམས་ཁང་གིས“གཏུག་བཤེར་མེད་པའི་གྲོང་ལྷན”འཛུགས་གཏོད་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་མཚོན་ཡོད། མིག་སྔའི་བར་གཞིས་རྩེ་གྲོང་ཁྱེར་གྱི་གཞི་རིམ་ཁྲིམས་ཁང་ཁག་གིས“གཏུག་བཤེར་མེད་པའི་གྲོང་ལྷན”འཛུགས་གཏོད་ལས་དོན་སྔ་རྗེས་སུ་སྤེལ་བར། གྲོང་ཁྱེར་དེ་ཡོངས་ཀྱི“གཏུག་བཤེར་མེད་པའི་གྲོང་ལྷན”འཛུགས་གཏོད་ཀྱི་དཔེ་སྟོན་ས་ཚིགས་23སྔ་རྗེས་སུ་སྒོ་བྱང་བཀལ་བ་དང་། རྫོང(ཆུས)18ལ་ཕྱོགས་ཡོངས་སུ་ཁྱབ་པ་དེ་ཐོག་ནས་གཞིས་རྩེ་ཁྲིམས་ཁང་གིས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལས་དོན་ཁྲོད་གཏིང་ཟབ་ཞུགས་ནས་འགོ་འཛུགས་ས་གསར་པར་བསྐྱོད་དེ། ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་གཞིས་རྩེ་དང་ཁྲིམས་སྐྱོང་གཞིས་རྩེ་བསྐྲུན་པར་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་བྱ་རྒྱུ་ཡིན་པ་མཚོན་ཡོད།
“གཏུག་བཤེར་མེད་པའི་གྲོང་ལྷན”འཛུགས་གཏོད་ལས་དོན་ཁྲོད། བསམ་གྲུབ་རྩེ་ཆུས་དང་ལྷ་རྩེ་རྫོང་སོགས་ཁྲིམས་ཁང་གིས“འཁོར་ཐོག་ཚན་རྩལ་སྐོར་སྐྱོད་ཁྲིམས་ར”དང་། “ཤང་འགན་གཙང་བླངས་པའི་ཁྲིམས་དཔོན་གྱི་འབྲེལ་གཏུག” “མངགས་ཐོ་རྣམ་པའི་བཅའ་ཁྲིམས་ཞབས་ཞུ”སོགས་ལ་བརྟེན་ནས་རང་འགུལ་ངང་གྲོང་སྲོལ་དམངས་ཆིངས་ལ་ཁྲིམས་མཐུན་རང་བཞིན་གྱི་ཞིབ་བཤེར་བྱས་ཏེ། ཁྲིམས་འཛིན་ལས་དོན་དང་གྲོང་སྲོལ་དམངས་ཆིངས་དང་ཡུལ་སྲོལ་དམངས་སྲོལ་ཟུང་འབྲེལ་དམ་ཚགས་ཡོང་བར་སྐུལ་འདེད་བཏང་བ་རེད།
ལྷག་ཚེས་བསྒྱུར།