དུས་ཚོད་ནི་ཆུ་མོ་རྒྱུགས་སོང་བ་དང་གཉིས་སུ་མ་མཆིས་ཏེ། ད་དུང་ཉིན་ཞག་གཅིག་ནས་ང་རང་ལོ་ན་བཅོ་བརྒྱད་ལ་སླེབས་པའི་སྐྱེས་སྐར་ཟིན་ལ་ཉེ། ངས་དེ་སྔོན་དེ་འདྲའི་རེ་སྒུག་བྱེད་པའི་བཅོ་བརྒྱད་ཀྱི་ལང་ཚོ་ད་ལྟ་དངོས་སུ་རང་ཉིད་དང་ཉེ་བར་བཅར་བའི་མཚམས་འདིར་སེམས་ནང་ད་དུང་གྲ་སྒྲིག་ཡག་པོ་བྱུང་མེད་པའི་སྣང་བ་ཞིག་འདུག
དེ་སྔོན་ཡིན་ན་ལོ་ན་བཅོ་བརྒྱད་ལ་སླེབ་སྐབས་རང་ཉིད་མི་ཆེན་པོ་ཞིག་དང་ཁྱད་མེད་པར་རང་གི་ཟས་གོས་སྡོད་གསུམ་སོ་སོས་ཐག་གཅོད་ཐུབ་ངེས་ཡིན་བསམ་མྱོང་། ད་ལྟ་དངོས་སུ་བཅོ་བརྒྱད་ལ་སླེབས་སྐབས་དེ་སྔོན་གྱི་བསམ་མྱོང་བ་དང་བྱེད་འདོད་པ་དེ་དག་ཚང་མ་ནམ་མཁའི་འཇའ་བཞིན་ཡལ་སོང་། ང་ལ་ད་དུང་རང་ཉིད་ལ་དབང་བའི་ལམ་ཆུང་དེ་མ་རྙེད་ཅིང་ད་དུང་དེ་འཚོལ་བར་འགྲོ་བཞིན་ཡོད། ཕྱིན་ཚར་བའི་ལོ་བཅུ་བདུན་དེའི་ནང་ངས་བྱ་བ་མང་པོ་བློས་གཏོང་དང་གོ་སྐབས་མང་པོར་དམ་འཛིན་བྱེད་མ་མྱོང་། ངའི་སེམས་ནང་ད་ལྟ་ང་རང་ལོ་ན་ཆུང་ཆུང་ཡིན་ཤག་གིས་དོན་དངོས་དང་འཚམས་པའི་འཆར་གཞི་འགོད་མ་མྱོང་། ད་དུང་དེ་ལས་མང་བའི་གོ་སྐབས་ཀྱིས་ང་རང་སྒུག་ནས་ཡོད་བསམ་གྱི་ཡོད། འོན་ཀྱང་དོན་དངོས་སུ་ངས་དུས་ཚོད་འཕྲོ་བརླག་དང་ཉི་མ་གང་འཁྱོལ་རྐྱང་རྐྱང་ནས་ལང་ཚོ་འདས་འདུག ད་ལྟ་ཁྲིམས་ལུགས་ཀྱི་གཏན་འབེབས་སྟེང་ནས་བཤད་ན་ངས་གོམ་སྟབས་ཆེན་པོ་ཞིག་སྤོ་དགོས་པ་རེད། དེ་ནི་ཕྱིན་ཟིན་པའི་ལོ་བཅུ་བདུན་གོང་གི་ནར་མ་སོན་པའི་བྱིས་པ་ནས་སང་ཉིན་གྱི་ནར་སོན་པའི་མི་བར་གྱི་གོམ་འགྲོས་ཆེན་པོ་དེ་ཡིན་ལ་དེས་ང་རང་གིས་བྱ་བ་ཅི་ཞིག་བསྒྲུབ་ཀྱང་ཁྲིམས་ལས་འགལ་ཚེ་དེ་དང་མཐུན་པའི་ཉེས་ཆད་ཕོག་ངེས་ཡིན་པ་ནི་ཨ་ཅང་བརྗོད་མེད། བཅོ་བརྒྱད་ཀྱི་ལང་ཚོ། བཅོ་བརྒྱད་ཅེས་པ་ངའི་ངོས་ནས་བརྗོད་ན་གྲངས་ཀ་ཞིག་གི་སྙིང་པོ་ཙམ་མ་ཡིན་པར་དེ་ལས་མཚོན་པ་ནི་རང་ཉིད་ཀྱི་མི་ཚེ་ལ་འཛིན་པའི་འགན་འཁྲི་དང་། མ་འོངས་པའི་འཚོ་བར་ཡོད་པའི་ཁ་གསལ་གནད་འཁེལ་གྱི་འཆར་གཞི་ཞིག་ཡོད་དགོས་པའི་སྙིང་པོ་དེ་ཡིན། སྐད་ཆ་འདི་དག་བྲིས་ཚར་རྗེས་ད་ལྟ་ངའི་སེམས་པ་ལྷོད་ཤིག་ཤིག་ཏུ་འགྱུར་སོང་། མ་མཐར་ལོ་ན་བཅོ་བརྒྱད་དངོས་སུ་སླེབས་དུས་བསམ་བློའི་ཐོག་ང་རང་མི་རྒན་ཞིག་གི་གྲས་སུ་ཚུད་པའི་གྲ་སྒྲིག་ཅིག་བྱས་ཟིན་པའི་ཚོར་བ་བྱུང་།
མཇུག་ཏུ་རང་ཉིད་ཀྱི་སྐྱེས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། སླད་ཕྱིན་ཆད་བུ་ཕྲུག་ཡག་པོ་ཞིག་དང་སློབ་མ་བཟང་པོ་ཞིག་ཡོང་བར་རང་ཉིད་ལ་སྨོན་འདུན་ཞུ་བ་ཡིན། བདག་གི་བཅུ་བདུན་ལང་ཚོ་ག་ལེར་བཞུགས་ཤིག མཚར་སྡུག་གི་བཅོ་བརྒྱད་ལང་ཚོ་ཁྱེད་ཉིད་ཁམས་བཟང་། །
ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།
ཟུར་ཁྲིད་དགེ་རྒན། སྤེན་པ་ཚེ་རིང་།