西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །མི་རིན་པོ་ཆེ། ༄༅། །བཅོ་བརྒྱད་ལང་ཚོ། ༄༅། །བདག་གི་མི་ཚེའི་རིན་ཐང་། བོད་ལྗོངས་ཀྱི་ལོ་ཆུང་བྱིས་པའི་ཉམས་འགྱུར།

放大 缩小 默认

༄༅། །མི་རིན་པོ་ཆེ།

□ 作者 གར་བློ་བཟང་རྡོ་རྗེ།

ཕ་ས་གཡང་གི་རྭ་ཡི་སྤང་སྟེང་ནས་ངས་ཆེས་དགའ་བའི་གྱི་ལིང་རྟ་དང་གནག་ཕྱུགས་ནོར་དང་ལྷན་དུ་རྒྱང་རིང་གི་མཚམས་སྤྲིན་ཞིག་ལ་ལྟ་བཞིན་ཡིད་ཀྱི་མེ་ལོང་ནང་རང་གིས་རང་ལ་དྲི་བ་ཞིག་བཀོད་འདོད་པ་ནི་ང་ལ་མཚམས་སྤྲིན་གྱིས་གནང་བའི་གསང་ཡིག་ཅིག་མ་ཡིན་ནམ། འཇིག་རྟེན་གྱི་སྐྱེ་བོ་སུ་ཞིག་སྐྱེ་རྒ་ན་འཆི་ལ་སྐྲག་མི་མྱོང་ལ་ཡང་སུ་ཞིག་དེར་སྐྲག་ནས་དེ་ལས་ལྡོག་ཐུབ་བམ།

འུ་ཚོ་མི་ཕལ་པ་ལ་མཚོན་ན་འཇིག་རྟེན་ཁམས་འདིར་སྐྱེས་པ་ནས་བཟུང་ཆོས་ཉིད་གཅིག་གི་བཀོད་སྒྲིག་ནང་བཞིན་འཚོ་བཞིན་ཡོད། ཆོས་ཉིད་དེ་ནི་ང་ཚོ་མི་ཕལ་པ་སུ་ཞིག་གིས་ཀྱང་བཟོ་བཅོས་དང་འགྱུར་བ་གཏོང་མི་ཐུབ་པའི་བཙན་པོ་སྟེ་འཆི་བདག་རྒྱལ་པོ་ལགས་སོ། ། འདི་ནི་ང་ཚོ་རེད། འདི་ནི་འགྲོ་བ་མི་རེད། དུས་ཚོད་ཀྱི་ལམ་སྣེ་ན་ཕན་ཚུན་ཕྲག་དོག་དང་ཞེ་སྡང་། གཏི་མུག་དང་ང་རྒྱལ་སྒོ་ནས་མི་ཚེ་ཟད་འགྲོ་བ་ནི་ང་ཚོ་འགྲོ་བ་མི་རེད། ལགས་དང་ལགས་སོ་ཞེས་པའི་ཞེ་ཚིག་འདི་རང་གི་ཕ་མར་མི་བརྗོད་པར་དབང་དང་གོ་སར་བརྗོད་མཁན་ནི་ང་ཚོ་འགྲོ་བ་མི་རེད། སྐབས་དེར་བདག་ཡིད་ཀྱི་གུར་ཁང་ནང་རྩོམ་པ་པོ་འཇུ་སྐལ་བཟང་ལགས་ཀྱིས་བརྩམས་གནང་བའི་ཚིགས་བཅད“བཟོ་ལྟ་བཅོས་བཅོས་མ་གནང་། འུ་ཚོ་ཕལ་བའི་མི་རེད།”ཅེས་པ་དེ་ཡང་ཡིད་ལ་ཡང་ཡང་འཁོར་བྱུང་།

བསམ་བློ་ཡག་པར་བཏང་ན། མི་ཚེ་རིང་མོ་དམིགས་ཡུལ་གྱི་ཆེད་དུ་ཟད་འགྲོ་བ་ཞིག་ཡིན་ཡང་ང་ཚོ་མི་མང་ཆེ་བའི་དམིགས་ཡུལ་ནི་བྱ་བ་རླབས་པོ་ཆེ་ཞིག་གམ་ཡང་ན་རང་མི་རིགས་དང་ཕ་མར་ཞབས་ཕྱི་ཡག་པོ་ཞིག་བསྒྲུབ་རྒྱུ་དེ་མིན་པར་དེ་ལས་ལྡོག་སྟེ་ཁ་སྟེང་ན་ང་རིན་པོ་ཆེ་འཁྱེར་ཏེ་རང་ཉིད་ལ་མི་གཞན་ལས་ལྷག་པའི་རྒྱུ་དཔལ་འབྱོར་ཞིག་དང་མཚན་སྙན་གྲགས་ཞིག་ཐོབ་པའི་ཆེད་དུ་སྤུན་མཆེད་དང་གཉེན་ཉེ། ཕ་མ་དང་གྲོགས་པོ་སོགས་ལ་ཕྲག་དོག་དང་ང་རྒྱལ། ཞེ་སྡང་དང་འགྲན་རྩོད་ཀྱི་སྒོ་ནས་རང་ཉིད་མི་ཚོགས་ཀྱི་ཀློང་ན་འབུར་དུ་ཐོན་པ་ཞིག་བྱེད་པ་ནི་དེང་སང་གི་མི་རེད། རྒྱུ་དཔལ་འབྱོར་བྱུང་ན་ཕ་མ་སྤུན་མཆེད་མི་དགོས། གྲོགས་པོ་ཁ་ཁུ་བྱུག་བཞིན་དུ་སྙན་ཞིང་ཁོག་གཞུ་མོ་བཞིན་དུ་འཁྱོག་པ་ཞིག་ཡོད་ན་འགྲིག ཕ་མའི་ངག་གི་གསེར་གྱི་གདམས་ངག་དེ་བུ་ཕྲུག་རྣ་ཡི་དུག་ཏུ་གྱུར། གནའ་སྔ་མོ་མི་ནི་རྒྱུ་ཡི་བདག་པོ་དང་རྒྱུ་ནི་མི་ཡི་ཡོ་བྱད་དང་ལག་ཆ་ཡིན། དེང་གི་སྤྱི་ཚོགས་ན་རྒྱུ་ནི་མི་ཡི་བདག་པོ་དང་མི་ནི་རྒྱུ་ཡི་ལག་ཆ་ཡིན། རྒྱུ་ཡོད་ན་ངོ་དགའ་ཕྱོགས་འཐེན་བྱེད་མཁན་མང་པོ་རེད། རྒྱུ་ཡོད་ན་མིར་ནོར་འཁྲུལ་མེད། མདོར་ན་རྒྱུ་ཡོད་ན་འཛམ་གླིང་རང་གི་དབང་འོག་ཏུ་བསྡུ་རྒྱུ་དང་རྒྱ་མཚོ་ཧུབ་ཀྱིས་འཐུང་ན་འདོད། ཡང་ཕྱོགས་གཞན་ཞིག་ནས་འདང་རྒྱག་ཅིག་བྱས་ཚེ་མི་ནི་བྱིས་པ་ལོ་གསུམ་ཞིག་དང་འདྲ། འཆི་བར་སྐྲག་ནས་སྨན་ཁང་བསྐྲུན། གསོད་པར་འདོད་ནས་དམག་ཅིག་བརྒྱབ། དེ་ནི་རྐང་རྗེས་ལག་སུབ་ཀྱི་བྱ་བ་ཞིག་མ་ཡིན་ནམ། དེང་གི་འཛམ་གླིང་གི་འཚོ་སྟངས་ལ་ལྟོས་དང་། རང་ཉིད་སྔར་ལས་ལྷག་པའི་སྟོབས་ཤུགས་དང་མཚན་སྙན་གྲགས་ཡོང་ཆེད་ཆེ་བས་ཆུང་བར་བརྙས་བཅོས་དང་མཐོ་བས་དམའ་བར་མཐོང་ཆུང་། མཐའ་མ་ཉམ་ཆུང་དག་ནི་སྟོབས་ཆེ་བའི་ལག་ཆ་ལྟ་བུར་གྱུར་འདུག

ཤིག་ལ་བརྒྱབ་ཀྱང་གོང་བའི་ཕྱི་ནང་རེད་ཅེས་པ་ལྟར་ས་སྟེང་འདི་ན་སྟོབས་ཆེ་ཡང་རང་བྱུང་ཁམས་ཀྱི་མདུན་ན་རྒྱ་མཚོ་ཡི་ཆུ་ཐིགས་དང་རྩྭ་ཐང་གི་རྩྭ་ཉག་མ་ཞིག་དང་འདྲ་བར་ནམ་ཡང་རྒྱལ་ལེ་མིན། ང་ཚོ་ཡི་རྣ་ལམ་ན་ད་ལྟ་མཐོང་བཞིན་པའི་ས་ཆ་འགའ་ཞིག་ལ་ས་ཡོམ་བྱུང་དུས་རྒྱལ་ཁབ་ཅི་འདྲའི་སྟོབས་ཆེ་བ་ཞིག་ཡིན་ན་ཡང་མི་ཤི་ཁྱིམ་ཆག་མེད་པ་གཅིག་ཀྱང་མེད། དེར་བརྟེན་རང་ཉིད་རང་གིས་ངོ་ཤེས་པ་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཞིག་ཡིན་པས་རང་ཚོད་རང་གིས་མ་ཟིན་ན་རུས་སྦལ་རྒྱ་མཚོའི་གཏམ་གྱིས་ཤི་ཞེས་པའི་དཔེ་ལྟར་འགྱུར་སྲིད་དོ། །

ལྷ་ས་ཅང་སུའུ་ཚོད་སློབ་འབྲིང་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明