ང་ལ་ཧ་ཅང་མཛེས་སྡུག་ལྡན་པའི་ཕ་ཡུལ་ཞིག་ཡོད་དེ། ལྟོས་དང་། ཕར་ཕྱོགས་སུ་མཛེས་སྡུག་ལྡན་ཞིང་ཐོག་བརྩེགས་ཁང་པ་མང་པོས་བརྒྱན་པའི་ས་ཆ་ཞིག་འདུག་པ་དེ་ནི་ང་ཡི་ཕ་ཡུལ་ཏེ། ནག་ཤོད་འབྲི་རུ་ཡིན། ང་རང་ཆུང་དུས་ནས་འབྲི་རུ་རྫོང་གི་ཕང་བར་འཚར་ལོངས་བྱུང་བས། གནས་འདི་ནི་གུས་མོའི་ཕ་ས་ཕ་ཡུལ་དུ་གྱུར་ཡོད། འབྲི་རུ་རྫོང་ལ་ང་ཡི་བྱིས་དུས་ཀྱི་བརྗེད་པར་དཀའ་བའི་དྲན་ཤེས་མང་པོ་ཞིག་འཁྱིལ་ཡོད།
འབྲི་རུ་རྫོང་ནི་མ་གཞི་གྲོང་ཁྱེར་ཆེན་པོ་ནང་བཞིན་གྱི་ས་རྒྱ་མེད་ཀྱང་། ངའི་སེམས་ནང་དེ་ལ་གྲོང་ཁྱེར་གང་གིས་ཀྱང་ཚབ་བྱེད་མི་ཐུབ་པའི་མཐོ་ཚད་ཅིག་ཡོད།
དཔྱིད་ཀར་འབྲི་རུ་རྫོང་རྒྱང་རིང་ནས་བལྟས་ན་མཚོ་དཀྱིལ་དུ་ཆགས་པའི་སྐམ་ས་ཞིག་དང་འདྲ་བར། སྔོ་ཐིང་ཐིང་གི་སྤང་རྩྭ་དང་མཐོ་ཞིང་ལྗང་བའི་ཤིང་སྡོང་གིས་རྒྱན། དེའི་དབུས་སུ་བརྗིད་ལྡན་གྱི་ཐོག་བརྩེགས་ཁང་བཟང་དང་སྙན་པའི་དཔེ་ཀློག་གི་སྒྲ་དབྱངས་འཐུལ་བས། མིག་མདུན་དུ་མཛེས་སྡུག་ཡིད་དབང་འཕྲོག་པ་ཞིག་ཏུ་གྱུར།
དབྱར་ཁར་སྦྲང་ཆར་ཟིལ་མས་ཕ་ཡུལ་གྱི་སྐུ་ལུས་གཙང་མར་བཀྲུས་པ་དང་ཆབས་ཅིག་ཏུ་ཚེ་སྲོག་ལྡན་པའི་བྱ་དངོས་ཐམས་ཅད་ལ་འཚར་སྐྱེད་ནུས་པའི་རིན་ཆེན་གྱི་ཆུ་སྣ་སྦྱིན་པ་དང་། འཇམ་ཞིང་བསིལ་བའི་རླུང་བུ་དལ་དལ་ལྷོད་ལྷོད་ངང་ཁོ་མོའི་གདོང་ལས་ཕར་གཡོ་ཚུར་གཡོ་བྱེད་བཞིན་འདུག །བསིལ་བསིལ་རླུང་བུས་ཕ་ཡུལ་གྱི་བཙོག་པའི་དྲི་མ་ཐམས་ཅད་རྒྱང་རིང་ལ་ཁུར་སོང་བས་དེ་འདྲའི་ཉམས་དགའ་སྤྲོ་སྣང་ལྡན་པ་ཞིག་རེད་ཨང་།
སྟོན་ཁར་རྐང་འཐུང་གི་གཞུང་རྟ་ལས་སེར་མདོག་ལོ་མ་རྣམས་ཐང་ལ་ཟགས་པ་དང་། དེ་ནི་མི་ཕོ་སྟོབས་ཆེན་ཞིག་གི་མགོ་སྟེང་ནས་བྱ་སྒྲོ་ལྟར་ཡང་བའི་སྐྲ་ཡི་ཉག་མ་རེ་རེ་ཐུར་དུ་ཟགས་བཞིན་པ་དང་མཚུངས། དེ་དག་ཡར་བླངས་ནས་བལྟས་པ་ན། དེའི་ཐོག་ཏུ་ནག་ཐིག་མང་པོ་ཞིག་ཡོད་པ་ མཐོང་ཐུབ་པ་ནི་འབུ་སྲིན་གྱིས་ཟོས་པ་ཡིན་ཤས་ཆེ། སྟོན་ཁ་ནི་འབྲས་བུ་བསྡུ་བའི་དུས་ཚིགས་གལ་ཆེན་ཞིག་ཡིན་ཏེ། མི་རྣམས་ཀྱིས་ཟོར་བ་དང་སྦར་མོ་བླངས་ཏེ་སེར་ལམ་ལམ་གྱི་ཞིང་ཁ་ལས་ལོ་ཏོག་བསྡུ་བར་བྲེལ།
དགུན་ཁ་རུ་དཀར་ཞིང་འབེལ་བའི་མེ་ཏོག་ཞིག་དང་འདྲ་བར་གང་སར་དངུལ་དཀར་གྱི་གྱོན་གོས་ཀྱིས་གཡོགས། ཁ་བའི་འདབ་མ་ས་རུ་ཟགས་པས་ས་གཞི་ཡོངས་གཙང་སྦྲ་ལན་གཅིག་བྱས་པ་དང་མཚུངས་ལ། རིན་པ་མི་དགོས་པའི་གྱོན་གོས་དཀར་ཆེན་ཞིག་གཡོགས་པས། ཕ་ཡུལ་འབྲི་རུ་ནི་ཧ་ཅང་བརྗིད་ཉམས་ལྡན་པ་ཞིག་ཏུ་གྱུར་བས། རྣམ་པ་འདི་ནི་ས་གཞི་ཁྱོན་ལས་མཛེས་ཤོས་སུ་གྱུར་ཡོད་ངེས།
ཕ་ཡུལ་འབྲི་རུ་ནི་སྨིན་ལེགས་མ་ཞིག་དང་འདྲ་བར་ཕྱི་ནང་གི་མཛེས་སྡུག་ཡོངས་སུ་བཀྲ་བས། འབྲི་རུ་རྫོང་ནི་སུམ་རྩེན་གནས་དང་འདྲ་ལ། དེ་གར་བཞུགས་པའི་མི་རྣམས་ཀྱིས་ཀྱང་བདེ་སྐྱིད་ལྡན་པའི་འཚོལ་བ་སྐྱེལ་བཞིན་ཡོད།
ང་ཡི་ཕ་ཡུལ་ལགས། ཁྱེད་ནི་ང་ཡི་སྐྱེད་མ་ཡིན། ཁྱེད་ནི་ང་ཡི་དྲིན་ཆེན་མ་ཡུམ་ལགས། བརྩེ་བའི་སྐྱེད་མ་ཁྱེད་ནི་ང་རང་འཚར་ལོངས་འབྱུང་སའི་གནས་གཞི་ཉག་ཅིག་དེའོ། །
འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ་༧(༤)
ཟུར་ཁྲིད་དགེ་རྒན། དགའ་བཟང་།