སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གཞོན་ནུའི་ལས་དོན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཏང་དང་མི་དམངས་ཀྱི་མངགས་བཅོལ་དང་རེ་བ་ཟབ་མོ་ཆུད་ཟོས་མི་གཏོང་ཆེད། རྒྱ་ཆེའི་གཞོན་ནུ་ཚོས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲངས་བ། ཏང་གི་བཀའ་དྲིན་ཚོར་ཏེ་དུས་རབས་བཟང་པོའི་ལོ་ཆུང་ཡག་པོ་ཞིག་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཛིན་པ་ཞིག་བྱེད་པར། སློབ་སྦྱོང་དང་ཤེས་བྱའི་གནད་མཐའ་དག་ལ་འབད་པས་བརྩོན་ནས་དེང་རབས་ཀྱི་ཚན་རིག་ལག་རྩལ་དང་། ཤེས་བྱ་རིག་གནས་ཁྱོན་ཡོངས་ལ་སྦྱོར་བརྡར་གྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེ་འཛུགས་སྐྲུན་བྱེད་མཁན་གྱི་གཞོན་ནུ་ཞིག་བྱེད་དགོས།
གཞོན་ནུ་བཟང་པོ་ཞིག་སྐྱེད་སྲིང་བྱེད་པར་ངེས་པར་དུ་ཁོར་ཡུག་ཆ་རྐྱེན་ཡག་པོ་ཞིག་དང་། བསམ་པོའི་དཔལ་ཡོན་ཕུན་སུམ་ཚོགས་པོ་ཞིག་དང་། ལས་བྱེད་པའི་དཔུང་ཁག་ལེགས་པོ་ཞིག་བཅས་དགོས་པས། ཚད་ལྡན་གྱི་གཞོན་ནུ་ལས་བྱེད་པའི་དཔུང་ཁག་ཞིག་གསོ་སྐྱོང་བྱེད་པར་ངེས་པར་དུ་གཞོན་ནུའི་འགོ་ཁྲིད་ཚོགས་ཆུང་ལེགས་པོ་ཞིག་དགོས་ལ། དེས་ཀྱང་ཏང་གི་མངགས་བཅོལ་ཟབ་མོ་དག་གཞོན་ནུར་སློབ་ཁྲིད་བྱེད་པ་དང་། གཞོན་ནུར་མཛུབ་སྟོན་བྱེད་པ། གཞོན་ནུ་རྣམས་ལ་ཏང་གི་ཡང་དག་སྲིད་ཇུས་བཟང་པོའི་བཀའ་དྲིན་ཚོར་བ་བྱས་ནས། གཞོན་ནུའི་མི་ཚེར་བཀྲག་མདངས་འཚེར་ཐུབ་པའི་གར་སྟེགས་བསྐྲུན་ཏེ་གཞོན་ནུ་རྣམས་མཐུན་སྒྲིལ་གོང་བུ་གཅིག་ཏུ་སྒྲིལ་ནས་ཏང་གིས་བློས་འགེལ་ཆོག་པའི་མ་འོངས་པའི་རྒྱུན་འཛིན་ཞིག་ཏུ་འཚར་ལོངས་ཡོང་བ་མ་ཟད། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་ཆགས་པར་བྱེད་དགོས།
གཞོན་ནུའི་དུས་ཚོད་ནི་མི་ཚེ་གཅིག་གི་འོད་སྟོང་འཕྲོ་བའི་དུས་ཚོད་ཡག་ཤོས་ཤིག་ཡིན་པས། ཏང་ཡོན་ལས་བྱེད་པས་ངེས་པར་དུ་དུས་ཚོད་དམ་འཛིན་ཡག་པོ་བྱས་ནས། དེང་རབས་གཞོན་ནུ་ནི་དུས་རབས་ཀྱི་བདག་པོ་དང་འབྱུང་འགྱུར་གྱི་རྒྱུན་འཛིན་པ་ཡིན་པ་བློ་ལ་བརྟན་པོར་ངེས་ནས། རྒྱུན་དུ་ནས་གཞོན་ནུའི་འཚར་ལོངས་དང་མི་ཚེའི་མདུན་ལམ་ལ་སེམས་ཁུར་ཆེན་པོས་གཞོན་ནུ་རྣམས་ལམ་ཀྱག་ཀྱོག་ལ་མི་འགྲོ་བའི་ལམ་སྟོན་གྱིས། གཞོན་ནུའི་ཆབ་སྲིད་བསམ་བློར་ཁྲིད་སྟོན་དང་གཞོན་ནུ་ཚོའི་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་བཅས་བྱས་ནས། སྤྱོད་ཡོན་གཉིས་ལྡན་གྱི་གཞོན་ནུ་བཟང་པོ་ཞིག་སྐྱིད་སྲིང་བྱས་ནས་མ་འོངས་པའི་ཀྲུང་གོའི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་ཚང་མས་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་ཐུབ་པ་བྱེད་དགོས།
བསོད་བཀྲ་དང་བསོད་བསྟན།