སྔ་མོ་གྲོང་ཚོ་ཞིག་ན་རྒྱལ་མཚན་དང་དབང་རྒྱལ་ཟེར་བའི་མི་གཉིས་ཁྱིམ་མཚེས་ཡིན་ཞིང་། ཉིན་ཞིག་རྒྱལ་མཚན་གྱིས་དབང་རྒྱལ་གྱི་བོང་བུ་ཤིང་འདྲེན་པར་གཡར་བ་དང་ཁོས་ངན་སེམས་ཀྱི་སྒོ་ནས་བོང་བུས་མ་ཁྱོག་པའི་ཤིང་ཞིག་བཀལ་སོང་བས་ལམ་བར་བོང་བུ་རིལ་ཏེ་ཤི་སོང་ཞིང་། ཁོས་དབང་རྒྱལ་རྩར་ཕྱིན་ནས་ཁྱེད་ཀྱི་བོང་བུའི་རྐང་པ་ལ་སྐྱོན་ཡོད་ཤས་ཆེ་དེ་རིང་ལམ་བདེ་པོའི་སྟེང་འདྲེད་ནས་ཤི་སོང་། ད་ནི་རང་ལ་གྱོང་གུན་རག་པ་རེད་ཅེས་བཤད།
དབང་རྒྱལ་སེམས་ཁྲལ་ཆེན་པོ་བྱུང་སྟེ། ད་བོང་བུ་ཤི་སོང་ན་ཐབས་ཤེས་གཞན་ཅི་མེད་པས་ངས་ཁྱོད་ལ་རིན་ཕྲན་བུ་ཞིག་གནང་རོགས་མི་ཞུ་ཀ་མེད་བྱུང་སོང་ཟེར་བས། དེ་མུར་རྒྱལ་མཚན་ནས་རིན་པ་སྤྲོད་སྲོལ་ག་ལ་ཡོད་དེ་རིང་ངས་ཉོས་པ་ཡིན་ན་རིན་པ་ལོས་སྤྲོད། དེ་མིན་རང་ལ་གྱོང་རག་པ་རེད་མ་གཏོགས་སྲོག་ཆགས་མི་ཤི་བ་ག་ལ་སྲིད། ཁ་སང་གཡར་དུས་ཤིང་འདྲེན་སར་གཡར་བ་ལས་ཤི་ན་རིན་སྤྲད་ཆོག་ཟེར་བྱུང་ངམ། གཡར་དུས་གླ་ཆ་སྒོར་གཉིས་སྤྲད་ཚར་ན་ཉིན་གཅིག་ནང་ཤི་གསོན་གྱི་དབང་ཆ་ང་ལ་ཡོད་པ་རེད་ཅེས་ཟེར་ནས་ལོག་ཕྱིན་པ་རེད།
དབང་རྒྱལ་གྱིས་ཁོ་ལ་ཡ་ལན་སྤྲད་དགོས་བསམ་ཡང་སྤྲོད་རྒྱུ་མ་རྙེད་པར་ལོ་མང་ཕྱིན། ཉིན་ཞིག་དབང་རྒྱལ་ས་ཞིང་འདེབས་གྲགས་བྱས་ཏེ་གྲོང་ནང་རྨོ་ཕྱུགས་གཡར་བར་འགྲོ་སྐབས་ལམ་བར་རྒྱལ་མཚན་ཐུག ཁོས་སྔོན་མའི་དོན་རྣམས་བརྗེད་ནས་ད་སྐབས་གླ་ཆ་མང་ཙམ་ལེན་དགོས་བསམ་སྟེ་བརྗོད་དོན། རྨོས་གླང་གཅིག་ངས་གཡར་ཆོག་ཡིན་ནའི་གླ་ཆ་ག་ཚོད་སྤྲད་དགོས་བསམ་ཟེར་བར་དབང་རྒྱལ་གྱིས་ཁྱེད་ཀྱིས་གཡར་རོགས་གནང་ན་གླ་ཆ་གང་དགོས་སྤྲད་ཆོག་ཟེར་ཞིང་རྒྱལ་མཚན་གྱིས་སྒོར་ལྔ་སྤྲོད་རྒྱུ་ཨེ་ཡིན། དབང་རྒྱལ་གྱིས་སྒོར་ལྔ་ལོས་སྤྲོད་དགོས་ཟེར་ནས་ཨམ་ཁྲག་ནང་ནས་སྒོར་ལྔ་བཏོན་ཏེ་སྤྲད་པ་རེད།
ཕྱི་ཉིན་དབང་རྒྱལ་གྱིས་ཞིང་རྨོ་བཞིན་དེ་སྔོན་རྒྱལ་མཚན་གྱི་ཟེར་ལུགས་རྣམས་དྲན་རྗེས་ཁོ་རང་གི་རྨོ་གླང་ལོག་བཏང་སྟེ། རྒྱལ་མཚན་གྱི་གླང་གཅིག་པུ་དེས་ཞིང་རྨོས། འདེད་གིན་འདེད་གིན་ལྕག་ཚན་གྱིས་རྡུང་སྟབས་གླང་དབུགས་ཆད་ནས་ཤི་སོང་བ་རེད། ཕྱི་ཉིན་ཁོས་རྒྱལ་མཚན་རྩར་ཕྱིན་ནས་དེ་རིང་སྟབས་མ་ལེགས་པའི་རྐྱེན་ཁྱེད་ཀྱི་གླང་འཆི་རྐྱེན་བྱུང་སོང་། དགོངས་པ་མ་ཚོམས་ཞེས་ཟེར་བས་དེ་མ་ཐག་རྒྱལ་མཚན་ཁོང་ཁྲོ་ལངས་ཏེ་གཞན་ནས་གཡར་བའི་ཅ་ལག་དེར་རང་སྲོག་ལས་ཀྱང་གཅེས་དགོས། གལ་ཏེ་བོར་བརླག་བྱུང་ཚེ་གཅིག་ལ་གསུམ་ཚབ་སྤྲོད་དགོས་ཟེར་སྲོལ་ཡོད་པ་རེད། ད་ཁྱེད་རང་སྔོན་ལ་དངུལ་དང་ཅ་ལག་གང་ཡོད་གླང་རིན་འཇལ་རྒྱུ་དང་མ་ལྡེང་བ་བྱུང་ཚེ་རྗེས་སུ་སྤྲད་ན་འགྲིག་ཅེས་བཤད་པ་རེད། དེ་ལན་དབང་རྒྱལ་གྱི་འདི་འདྲ་ཡིན་ན་ཁྱེད་རང་གིས་ཁ་བཤད་ལག་བསྟར་བྱེད་དགོས་ཟེར་བས་རྒྱལ་མཚན་གྱི་དེ་ལོས་བྱེད། ངས་དེ་སྔོན་བཤད་པ་ཚང་མ་བདེན་པ་ཡིན་ཟེར་དུས་དབང་རྒྱལ་གྱིས་བདེན་པ་ཡིན་ན་ལོ་ཤས་སྔོན་ལ་ངའི་བོང་བུ་ཤི་དུས་ཁྱེད་ཀྱིས་བརྗོད་པ་ཚང་མ་བདེན་པ་ཡིན་ཤས་ཆེ། བོང་བུའི་རྐང་པར་སྐྱོན་ཡོད་ཤས་ཆེ་ལམ་བདེ་པོའི་སྟེང་ཤི་སོང་ཟེར་བ་མ་ཡིན་ནམ། ཁྱེད་རང་གི་གླང་གི་ཁོག་ལའང་ལྷད་སྐྱོན་ཡོད་ཤས་ཆེ་དེ་རིང་ཞིང་བདེ་མོའི་ནང་ཤི་སོང་། ངས་ཁྱེད་ལ་རིན་པ་ཕྲན་བུ་སྤྲད་རོགས་ཟེར་སྐབས་ཁྱེད་ཀྱིས་སྤྲོད་སྲོལ་ག་ལ་ཡོད་ཉོས་པ་ཡིན་ན་རིན་པ་ལོས་སྤྲོད་ཟེར་བ་མ་ཡིན་ནམ། ངས་ཀྱང་གླང་ཉོས་པ་མ་ཡིན་པས་རིན་པ་སྤྲོད་སྲོལ་ག་ལ་ཡོད། ད་དུང་ཁྱེད་ཀྱིས་ང་ལ་རང་ལ་གྱོང་རག་པ་རེད་མ་གཏོགས་སྲོག་ཆགས་མི་ཤི་བ་ག་ལ་སྲིད་ཟེར་བ་མ་ཡིན་ནམ། གླང་ཡང་སྲོག་ཆགས་མ་རེད་དམ། ཁྱེད་ཀྱིས་བོང་བུར་གླ་ཆ་སྒོར་གཉིས་སྤྲད་ཚར་ན་ཉིན་གཅིག་ནང་ཤི་གསོན་གྱི་དབང་ཆ་ཁྱེད་ལ་ཡོད་ཅེས་ཟེར་བ་མ་ཡིན་ནམ། གླང་དེ་ཡང་དེ་རིང་ཉིན་གཅིག་ནང་ཤི་བ་མ་རེད་དམ། ཁྱེད་ཀྱིས་བོང་བུ་གཡར་དུས་ཤི་ན་རིན་སྤྲད་ཆོག་བརྗོད་རྒྱུ་མ་བྱུང་ཟེར་བ་བཞིན་ངས་ཀྱང་གླང་གཡར་དུས་ཤི་ན་རིན་སྤྲད་ཆོག་བརྗོད་རྒྱུ་མ་བྱུང་། དེས་མ་ཚད་ཁྱེད་ཀྱིས་གཡར་གླ་སྤྲད་ཚར་ན་ཉིན་གཅིག་ནང་ཤི་གསོན་གྱི་དབང་ཆ་ཡོད་ཟེར་བ་བཞིན་ངས་ཁ་སང་གླ་ཆ་སྒོར་ལྔ་སྤྲད་པ་ཡིན་ཙང་གླང་དེ་དེ་རིང་ཉིན་གཅིག་ནང་ཤི་བས་རིན་པ་སྤྲོད་རྒྱུ་ལྟ་ཞོག་གླང་ཤའང་ང་ལ་དབང་བ་རེད་ཟེར་བས་རྒྱལ་མཚན་ཅི་བྱེད་འདི་བྱེད་མེད་པར་གྱུར་རོ། །
དམངས་ཁྲོད་གཏམ་རྒྱུད་ལེགས་བཏུས་ལས་དྲངས།