西藏青年报藏文版རྩོམ་རིག་དགའ་ཚལ།  ༄༅། །བློ་ཕམ་ནས་མཛེས་སྡུག་མྱོང་། ༄༅། །སྨག་མུན་སེལ་བའི་སྒྲོན་མེ།    ༄༅། །ང་རྒྱལ་གྱི་ནད་གཞི། ༄༅། །སྔ་ལན་དེང་འཇལ།

放大 缩小 默认

༄༅། །བློ་ཕམ་ནས་མཛེས་སྡུག་མྱོང་།

□ 作者 ཚེ་དབང་གཡང་འཛོམས།

འཇིག་རྟེན་འདི་ན་ནམ་ཡང་རྙེད་མི་སྲིད་པའི་མེ་ཏོག་ཅིག་མེད་ལ་མི་ཡུལ་འདི་ན་ནམ་ཡང་མཛེས་པས་འཁྱུད་པའི་ཡུལ་ལྗོངས་ཤིག་ཀྱང་ཨེ་ཡོད། ཟླ་བར་དྭངས་འཐིབ་དང་ཡར་འཕེལ་མར་འགྲིབ་ཀྱི་རྣམ་པ་སྣ་ཚོགས་ཡོད་པ་བཞིན་མི་ལའང་དགའ་སྐྱོ་འཛོམས་བྲལ་གྱི་འདུ་འགོད་སྣ་ཚོགས་ཤིག་མཆིས།

ང་ཚོས་བྲལ་ཁར་རྟག་ཏུ་རྗེས་སུ་མཇལ་ཡོང་ཟེར་ཡང་དུས་ཚོད་ནི་མདའ་མོ་འཕངས་པ་བཞིན་འདས་ཟིན་པ་ནི་སླར་ལོག་ཐབས་བྲལ། སླར་ཡང་འཛོམས་པའི་རེ་བ་ཡང་བསམ་འདུན་བཞིན་ཡོང་བའི་འགན་ལེན་སུ་ཡིས་བྱེད་ནུས། དེས་ན་བྱ་བ་གང་ཞིག་སྒྲུབ་ཀྱང་བློ་ཕམ་དང་འགྱོད་པ་མེད་པ་ཞིག་སུས་ཀྱང་འདོད་བཞིན་ཡོད་ཀྱང་ཆ་ཚང་སྤུས་ལེགས་དང་། ཐམས་ཅད་ལེགས་འགྲུབ་ཡོང་ཐབས་བྲལ་བ་ནི་དོན་དངོས་རེད། སྒྲུབ་འདོད་ཀྱང་བསྒྲུབ་མི་ཐུབ་པའི་བྱ་བ་ཁ་ཤས་ང་ཚོའི་མི་ཚེ་ཧྲིལ་པོའི་བློ་ཕམ་ཞིག་ལ་འགྱུར་སྲིད་པའང་ཏན་ཏན་རེད། གཅིག་བྱས་ན་བློ་ཕམ་བྱུང་བ་དེ་རྒྱུན་ལྡན་འཚོ་བའི་ཁྲོད་རྟག་ཏུ་མཐོང་རྒྱུ་ཡོད་པའི་བྱ་བ་ཆུང་ཙག་འགའ་ཡང་ཡིན་སྲིད། དཔེར་ན། མེ་ཏོག་ཅི་འདྲའི་བཀྲག་མདངས་རྒྱས་ནའང་ནམ་ཞིག་ལོ་མ་ཟགས་ངེས་ཡིན་པ་མཐའ་མཇུག་གི་མཇུག་འབྲས་སྔ་ས་ནས་བཀོད་སྒྲིག་བྱས་ཟིན་ལ། ཅི་འདྲའི་ཡིད་དབང་བློ་འགུག་ལྡན་པའི་ཡུལ་ལྗོངས་ཤིག་ཡོད་ནའང་ནམ་ཞིག་མི་རྣམས་ཀྱི་དྲན་པའི་ཁྲོད་ནས་བརྗེད་ངས་རྐུན་མས་འཁྱེར་འགྲོ་བ་རེད། མིའི་མི་ཚེ་གཅིག་ལ་བློ་ཕམ་མང་པོ་ཡོང་ངེས་ཡིན་ཞིང་བྱ་དངོས་འགའ་ཤས་ཤོར་སོང་ན་ནམ་ཡང་སླར་ལོག་ཐབས་བྲལ་བའང་རེད། ཡིན་ཡང་ཤོར་ཟིན་པ་ལ་འགྱོད་གདུང་བྱེད་པ་ལས་ད་ལྟ་ལག་ན་དབང་བཞིན་པ་ལ་དམ་འཛིན་དང་གཅེས་འཛིན་བྱས་ན་ལེགས་སྙམ། ཕྱོགས་གཞན་ཞིག་ནས་བློ་ཕམ་ཞེས་པའི་ཐ་སྙད་དེ་ལ་གོ་བ་ལེན་ན་དེ་འདྲའི་ཡིད་ཐང་ཆད་དགོས་པ་ཞིག་མིན། གང་ཡིན་ཟེར་ན། འབྲས་བུ་ནས་བློ་ཕམ་བྱུང་ཡང་བརྒྱུད་རིམ་ནས་མཛེས་སྡུག་ལྡན་པའི་བྱ་དངོས་མང་པོ་ཡོད་པ་ཡིན།

ང་ཚོས་ཤེས་དགོས་པ་ཞིག་ལ་འཚོ་བའི་ཁྲོད་དུ་བློ་ཕམ་པའི་གནས་ཚུལ་མང་པོ་འཕྲད་པ་ནི་གཡོལ་ཐབས་མེད་པ་ཞིག་ཡིན་ཡང་གཞན་གྱིས་རང་ལ་དྲང་གཞག་མེད་པར་འཁང་ར་མ་བྱེད་པ་དང་། རང་ཉིད་ཀྱི་ནུས་པ་ལ་དོགས་པ་མི་བྱེད་པ། མིག་མདུན་གྱི་ཕམ་ཁ་ལ་མགོ་མི་སྒུར་བའི་ཐོག་ནས་ད་ཐེངས་ཀྱི་གོ་སྐབས་དེ་ཤོར་ཡང་གོ་སྐབས་རྗེས་མར་དམ་འཛིན་གཅེས་འཛིན་བྱས་ཏེ། བློ་ཕམ་རེ་གཉིས་ཀྱིས་དཔའ་མི་ཞུམ་པར་བློ་ཕམ་ཁྲོད་ནས་མཛེས་སྡུག་མྱོང་ཐུབ་པ་བྱེད་དགོས་སོ། །

ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།

ཟུར་ཁྲིད་དགེ་རྒན། སྤེན་པ་ཚེ་རིང་།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明