西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །ང་ཡི་ཕ་ཡུལ་ནག་ཆུ། ༄༅། །བདག་གི་ཡབ་ཆེན་ལགས། ༄༅། །ལྷིང་འཇགས།

放大 缩小 默认

༄༅། །ལྷིང་འཇགས།

□ 作者 བུང་ཆུང་།

ང་རང་ཆུང་ཆུང་ཡིན་དུས་ལྷིང་འཇགས་ལ་ཧ་ཅང་སྐྲག ཡིན་ཡང་དུས་དང་བསྟུན་ནས་ཇེ་ཆེར་སོང་བ་ན་ལྷིང་འཇགས་ལ་དུངས་མཁན་ཞིག་ཏུ་འགྱུར། ངལ་གསོའི་དུས་དང་ང་རང་གཅིག་པུ་ཁྱིམ་དུ་སྡོད་པའི་ཚེ། ང་རང་རྣ་བ་ལ་རྣ་ཉན་ཞིག་བཏགས་ཏེ་གླུ་དབྱངས་ཉན་རྒྱུ་དེ་ནི་ངའི་ངོས་ན་བརྗོད་ན་ལོངས་སྤྱོད་ཅིག་ཡིན།

རྣམ་ཀུན་སློབ་གྲོགས་འདུ་འཛོམས་ཡིན་ཡང་འདྲ་ཡང་ན་སྤུན་ཉེ་དགའ་འཛོམས་ཀྱི་དུས་ལ་ཡང་ངས་ཁ་གཡར་ས་མང་ཙམ་བཙལ་ནས་ལྷིང་འཇགས་ཀྱི་དུས་ཚོད་མང་ཙམ་འཚོལ་བཞིན་ཡོད། འོན་ཀྱང་ང་རང་ཐོག་མ་ནས་ལྷིང་འཇགས་ལ་དགའ་བ་ནི་རྩ་བ་ནས་མིན། རང་ཡུལ་བཞག་ནས་གཞན་ཡུལ་འགྲིམས་པའི་ཚེ། རྒྱུས་མངའ་མེད་པའི་ས་ཆར་དཀའ་སྡུག་འདྲ་མིན་རང་ཉིད་གཅིག་པུས་གདོང་གིས་བསུ་ཞིང་ཁུ་སིམ་གྱི་ལོ་ཟླ་མང་པོར་རང་ཉིད་གཅིག་པུར་བག་ལྷོད་པོའི་སྒོ་ནས་འཇིག་རྟེན་ཁམས་དེའི་མཛེས་ཆ་དག་དང་རང་གི་བློ་ངོར་མ་གྲུབ་པ་དེ་དག་ལ་ཁ་ཕྱོགས་དུས་རིམ་བཞིན་ལྷིང་འཇགས་ལ་དུངས། ང་རང་གིས་བརྗོད་པའི་ལྷིང་འཇགས་དེ་ཕྱི་འཚོ་བའི་ལྷིང་འཇགས་ཀྱི་རྣམ་པ་དེ་མིན་པར་རང་གི་སློབ་སྦྱོང་དང་ལས་གནས་ཐོག་གནད་དོན་གང་རུང་ཞིག་བྱུང་ཡང་སེམས་ལྷིང་འཇགས་ཀྱི་ངང་ནས་གནད་དོན་ཐག་གཅོད་བྱེད་ཐུབ་མཁན་དེ་ལ་བརྗོད་པ་ཡིན། གལ་ཏེ་ཕོར་པ་ཞིག་གི་ནང་དུ་ཆུ་རྙོག་མ་གང་ཡོད་ཚེ་དུས་ཡུན་ངེས་ཅན་ཞིག་ལ་ལྷིང་འཇགས་ངང་གནས་པའི་ཚེ་ཆུ་ནང་དུ་ཡོད་པའི་སྙིགས་མ་དེ་དག་ཕོར་པའི་མཐིལ་ལ་བྱིངས་སྲིད་པས། ལྷིང་འཇགས་ཀྱིས་འཚོ་བའི་ཁྲོད་ཀྱི་རྙོག་འཛིང་དང་། བཅོས་མའི་སྤྱི་ཚོགས་ནང་གི་གནད་དོན་མང་པོ་ཞིག་ཡང་དག་པའི་ངང་ནས་ཐག་གཅོད་བྱེད་ཐུབ། དྲ་ཐོག་དར་སོ་ཆེ་བའི་སྐད་ཆ་ངར་ལངས་པ་ནི་གདོན་འདྲེ་དང་འདྲ་ཞེས་པ་ལྟར་གལ་ཏེ་སྐྱེ་བོ་ཚང་མས་ལྷིང་འཇགས་ངང་ནས་གནད་དོན་ལ་ཐག་གཅོད་བྱས་ཚེ་ངེད་ཚོའི་འཚོ་བ་ནི་བདེ་སྐྱིད་དང་ལྡན་པ་ཞིག་ཡོང་སྲིད། སྤྱི་ཚོགས་ཀྱི་འཚོ་བ་འདི་ཉིན་རེ་ལས་མ་བསྡད་པར་འཕེལ་རྒྱས་འགྲོ་བའི་དུས་འདིར་ལས་ཆེན་འབྲིང་ཆུང་གསུམ་གང་ལ་འཕྲད་ཀྱང་ལྷིང་འཇགས་ངང་རང་གིས་རང་ལ་སྐུལ་ལྕག་བྱས་ནས་ནུས་ཤུགས་ཡོད་རྒུ་བཀོལ་ཏེ་ལེགས་འགྲུབ་ཡོང་བར་བརྩོན་ལེན་དང་། ཕམ་ཁ་རེ་ཡོད་ཀྱང་ངས་དེ་ཉིད་རང་རང་འཚར་ལོངས་ཡོང་བའི་བརྒྱུད་རིམ་ཞིག་ཏུ་བརྩིས་ནས་དང་ལེན་བྱས་པ་ཡིན། དེ་ལྟ་བུའི་ལག་ལེན་དང་ལྷན་དུ་ང་རང་ལ་ཡང་སྟོབས་དང་ལྡན་པའི་ནང་སེམས་ཀྱི་འཇིག་རྟེན་ཞིག་ཆགས་འོངས། འཚོ་བའི་ཁྲོད་ཀྱི་གནོན་ཤུགས་གང་མང་ཞིག་ལ་རང་ཉིད་གཅིག་པུས་གདོང་གཏོད་ཐུབ་པ་མ་ཟད། སེམས་ཀྱི་རྨ་ཁ་རྣམས་གཞན་བརྟེན་སྨན་བཅོས་བྱེད་མི་དགོས་པར་རང་གིས་རང་ལ་སེམས་ཤུགས་ཤིག་སྤྲད་ཐུབ་བྱུང་། དེར་བརྟེན་ངས་ལྷིང་འཇགས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བཞིན་ཡོད།

ལྷིང་འཇགས་ངང་གནས་པའི་རི་བོ་དེ་དག་ལ་ལྟོས་དང་། སེམས་པ་ལྷིང་འཇགས་སུ་གནས་པའི་ཚེ་ད་གཟོད་འཚོ་བའི་བདག་པོ་བྱེད་ཐུབ་ལ་ལྷིང་འཇགས་དང་གཤིབ་དུས་གནས་ལུགས་གང་མང་ཞིག་ཀྱང་རྟོགས་ཐུབ། སྡུག་བསྔལ་གྱི་འབྱུང་ཁུངས་ནི་རང་ཉིད་ལ་མ་ཐོབ་པའི་སེམས་ཁྲལ་དང་ཐོབ་ཟིན་པ་གཞན་ལ་ཤོར་དོགས་ཀྱི་སེམས་ཁྲལ་དག་ཡིན། གལ་ཏེ་སེམས་ལྷིང་འཇགས་ལ་གནས་ནས་རེ་དྭོགས་དེ་དག་ཐམས་ཅད་ཀྱི་གཞན་དབང་དུ་མ་གྱུར་ཚེ་ང་ཚོའི་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་ཡོང་སྲིད་ལ་མི་དང་མིའི་བར་གྱི་བརྩེ་དུང་ཡང་ཇེ་ཟབ་ཏུ་འགྲོ་ངེས་རེད། ལྷིང་འཇགས་ནི་དྲོ་ཞིང་འཇམ་པའི་ཉི་འོད་དེ་ཡིན་ལ། སེམས་ཀྱི་སྐྱེད་ཚལ་ནང་ཟིམ་ཟིམ་དུ་བབས་པའི་སྦྲང་ཆར་སིལ་མ་དེའང་ཡིན། ལྷིང་འཇགས་ནི་རྒྱབ་བཤད་ཀྱིས་བཟོས་པའི་རྨ་ཁ་དང་སེམས་ཀྱི་གནོན་ཤུགས་སོགས་གསོ་བྱེད་ཀྱི་སྨན་མཆོག་ཅིག་ཀྱང་རེད། །

ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明