西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །ཡུན་རིང་བོར་བའི་དགུན་དུས་ཤིག་རྙེད་པ། ༄༅། །གལ་ཏེ་ང་རང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གྱི་གསོ་སྦྱོང་འཛིན་གྲྭ་གཉེར་བ།

放大 缩小 默认

༄༅། །ཡུན་རིང་བོར་བའི་དགུན་དུས་ཤིག་རྙེད་པ།

□ 作者 ཀུན་སྐྱིད་མཚོ།

ཞོགས་པ། ཁ་བ་ལྷབ་ལྷུབ་ཏུ་འབབ་པ་དང་། གྲང་རླུང་འུར་འུར་དུ་ལྡང་ནས་སྒོ་རའི་ནང་གི་ ལྕགས་ཤོག་རྡེབ་པའི་སྒྲ་ཅག་ཅག་དུ་སྒྲོག །ང་ནི་ལྕགས་ཀྱི་སྒྲ་ཐོས་པ་དང་ལྷན་དུ་གྲང་བའི་སྣང་བ་དང་བཅས་ཏེ་གཉིད་ལས་སད། ཅུང་ཙམ་སོང་བ་དང་ལྕགས་ཤོག་གི་སྒྲ་ཡང་སྒྲོག་མཚམས་ཆད་པས། ངས་གྲང་རླུང་འཇགས་པ་ཡིན་ནམ་སྙམ་ཏེ་སྟོད་ལངས་ཀྱིས་ཡོལ་བ་ཕྱེས་ཏེ་སྒེའུ་ཁུང་ནས་བལྟས་པས། ཨེ་མ། ས་གཞི་ཡོངས་རྫོགས་གངས་བུན་གྱིས་བཏུམས་པ་ལེགས་བྲིས་ཚལ་དང་གཉིས་སུ་མེད་ཅིང་། མཐའ་བཞིའི་ཡུལ་གྲུ་ཀུན་གོས་དཀར་གྱི་ཁ་བས་བརྒྱན་པ་ནི་དཀར་ཡོལ་ཆེན་པོ་ཞིག་གི་ནང་ཁོག་དང་འདྲ་བར་སྐྱ་ཐིང་ངེར་གནས་པས་བདག་གི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག

རིམ་བཞིན་འདྲེན་བྱེད་ཟུང་སྒོ་རའི་ནང་དུ་ཕྱོགས་སྐབས། མདུན་དུ་གོམས་འདྲིས་ཅན་གྱི་གཟུགས་བརྙན་ཞིག་འཆར་བ་ནི་བདག་གི་མ་ཡུམ་གྱི་སྣང་བརྙན་རེད། ང་རང་མགྱོགས་མྱུར་ངང་ཡར་ལངས་ཏེ་ཡ་མཚན་དང་བཅས་སྒོ་རའི་ནང་དུ་རྒྱུགས་ཕྱིན། མ་ཡུམ་གྱིས་སྒོ་རའི་ནང་དུ་གཙང་སྦྲ་བྱེད་བཞིན་འདུག །ངས་ཞོགས་པ་སྔ་པོ་གྲང་ངར་ཤིན་ཏུ་ཆེ་བས་ཉིན་གུང་ཙམ་ལ་གཙང་སྦྲ་བྱས་ན་ཞུས་པས། མ་ཡུམ་མཆོག་ནས། སྐྱོན་མེད། གཙང་སྦྲ་མ་བྱས་ན་ང་རང་སེམས་ཁམས་མི་སྐྱིད། མ་ཟད་ཞོགས་པ་སྔ་ཙམ་ལངས་ན་གཅིག་ནས་ལུས་པོ་བདེ་བ་དང་། གཉིས་ནས་ལས་འཕྲོར་ལུས་པའི་བྱ་བ་མང་པོ་ཞིག་ཀྱང་སྒྲུབ་ཐུབ་ཀྱི་ཡོད། ད་དུང་ཉིན་ཤས་རྗེས་ནས་ཨ་ཞང་ལགས་ཁོང་ཚོ་ཁྱིམ་དུ་མགྲོན་པོར་འབོད་རྩིས་ཡོད་ཟེར་བས། ངའི་ལུས་པོ་ཡོངས་སྤྲོ་སྣང་གི་ཚོར་བས་ཁེངས་ཤིང་། སྐད་ཤུགས་ཆེན་པོས་སྐྱིད་པ་ལ་ཞེས་དགའ་འབོད་བྱས། དེ་ནས་ལམ་སེང་མ་ཡུམ་གྱི་འཁྲིས་སུ་བཅར་ཏེ་ཕྱག་རོགས་ཞུས་པ་ཡིན།

དེ་རྗེས་ཀྱི་ཉིན་ཁ་ཤས་ནང་ང་རང་བསམ་གཞིག་སྣ་ཚོགས་ཀྱི་གསེབ་ཏུ་ཚུད་པ་སྟེ། ཨ་ཞང་ལགས་སླེབས་རྗེས་སྐད་ཆ་ཇི་ལྟར་ཤོད་དགོས་སམ། ཁོང་གི་ཕྲུ་གུ་ཚོ་སྔོན་མ་ནང་བཞིན་ང་ཚོ་དང་འདྲིས་པོ་ཡོད་སྲིད་དམ། ཇི་ལྟར་བྱས་ཏེ་ཁོང་ཚོ་དང་མཐུན་འགྲིག་ཡོང་བ་བྱེད་དགོས་སམ། མདོར་ན་ང་རང་འདི་ལྟའི་དྲན་ཚུལ་སྣ་ཚོགས་ཀྱིས་བློ་མི་བདེ་བ་བཟོས། ཐེངས་ཤིག་ང་རང་གཏིང་ཟབ་པའི་བསམ་གཞིག་གི་ཀློང་དུ་ཚུད་ནས་ཡོད་སྐབས། མ་ཡུམ་གྱིས་ང་ལ་སྐད་ཐེངས་མང་བཏང་རུང་མ་གོ་བ་དང་། མཇུག་མཐར་ཨ་མ་ཁེབས་ཐོག་ཏུ་ཡོང་ནས། ཁྱོད་བསམ་བློ་གང་ཞིག་གཏོང་གི་ཡོད། ངས་ཐེངས་མ་ག་ཚོད་བོས་ཀྱང་ཨ་ལན་སྟེར་གྱི་མི་འདུག་ཟེར། ངས་ད་གཟོད་རང་ཉིད་ཀྱི་ཚོར་བ་ཡོད་ཚད་ཉེ་ལམ་ཡིད་ལ་འཁོར་བའི་དོན་དག་གི་ཐོག་ལ་གཡེང་དྲགས་པ་གཞི་ནས་རྟོགས། རང་གི་དྲན་ཚུལ་ཇི་བཞིན་དུ་ཨ་མར་ཞུས་པ་ཡིན། ཨ་མས་ང་ལ། ཁྱེད་ཚོ་ནི་ཁྲག་རྒྱུན་གྱི་འབྲེལ་བ་ཟབ་པའི་སྤུན་མཆེད་རེད། ཕན་ཚུན་བར་འཛེམ་ཆ་བྱེད་དགོས་དོན་གང་ཡང་མེད་པས། སྐད་ཆ་ལབ་པར་བསམ་བློ་གཏོང་རྒྱུ་ཅི་ཡོད། དེ་ལས་དུས་ཚོད་འཕྲོ་བརླག་མ་བཏང་བར་ང་ལ་རོགས་གྱིས་དང་། དོན་དག་ཆོ་མེད་དེ་ཚོ་རང་བཞིན་གྱིས་བརྗེད་འགྲོ་གི་རེད་ཟེར། ང་ཡང་ཨ་མ་དང་ལྷན་དུ་བྱ་བ་ཙག་ཙིག་འགའ་ལས་ཀྱིན་བསྡད་པས་དོན་དག་དེ་ཚོ་ག་ལེར་སེམས་ནས་ཡལ་བར་གྱུར།

ཉིན་ཞིག་གི་ཞོགས་པ། མ་ཡུམ་ལགས་ང་ཚོའི་ཉལ་ཁང་དུ་འཛུལ་ནས་ང་ཚོ་གཉིད་ལས་དཀྲོག་པ་དང་། དེ་རིང་ཨ་ཞང་ལགས་ཡར་ཡོང་གི་ཡིན་ཟེར་གྱི་འདུག །ཁྱོད་ཚོར་རྫོང་ཐོག་ནས་ཅ་ལག་ཉོ་དགོས་པ་འདྲ་ཡོད་ན་ཁ་པར་གཏོང་ཤོག་ཟེར། དེ་ནས་མགྱོགས་ཙམ་ཡར་ལོངས་ཞེས་བཤད་དེ་བྲེལ་ འཚུབ་ངང་ཕྱིར་ཐོན་སོང་། ང་ཡར་ལངས་རྗེས་ཐབ་ཚང་དུ་ཕྱིན་པ་དང་། གདན་ཐོག་དུ་བསྡད་ནས་སླར་ཡང་ཁ་སྔོན་གྱི་དོན་དག་དེར་བསམ་བློ་གཏོང་གིན་བསྡད། ཨ་མས་ང་རང་སེམས་གཡེང་ནས་ཡོད་པ་མཐོང་རྗེས་ལས་ཀ་བྱེད་པའི་བརྡ་བཏང་བས། ངས་མུ་མཐུད་བསམ་བློ་མ་བཏང་བར་ཨ་མར་བྱ་བ་ཙག་ཙིག་དག་སྒྲུབ་རོགས་བྱས། ཡུན་རིང་ཙམ་སོང་རྗེས་ཕྱི་རོལ་ནས་རླངས་འཁོར་གྱི་སྒྲ་ཞིག་གྲགས་པ་དང་། ང་ཚོ་ཕྱི་རོལ་དུ་སོང་ནས་བལྟས་པས་ཁོང་ཚོ་སླེབས་འདུག །ང་ཚོས་ཅ་ལག་དག་ནང་ལ་ཁྱེར་རྗེས་རྒན་པ་ཚོ་ཕྱོགས་གཅིག་ཏུ་འདུས་ནས་སྐད་ཆ་བཤད་པ་དང་། བྱིས་པ་ཚོ་ཡང་ལྷན་དུ་འདུས་ནས་རང་རང་དགའ་བའི་གཏམ་སྣ་ཚོགས་ཤོད་རེས་བྱས། ང་ཚོ་སྒོ་རའི་ནང་རྩེད་མོ་རྩེད་ཀྱིན་དགོད་སྒྲ་ལྷང་ལྷང་གི་མཚར་གཏམ་སྣ་ཚོགས་ལ་རོལ་བས། གློ་བུར་དུ་ཁྱིམ་ཚང་ཡོངས་རྫོགས་སྔར་བས་སྤྲོ་སྣང་དང་འཁྲུག་ཆ་དོད་དུ་ཕྱིན་པའི་སྣང་བ་བྱུང། འདི་ནི་ཧ་ལམ་ཨ་མས་གསུང་པའི་ཁྲག་རྒྱུད་ཀྱི་འབྲེལ་བ་ཞེས་པའི་སྟོབས་ཤུགས་ཡིན་པ་འདྲ།

ང་ཚོ་ལྷན་དུ་སྐད་ཆ་ཤོད་པ་དང་། སྦྱོང་ཚན་འབྲི་བ། རྩེད་མོ་རྩེ་བ་སོགས་བྱེད་པས་འཚོ་བ་ལ་ཉོབ་སྣང་ཏིལ་འབྲུ་ཙམ་ཡང་མེད་པར་དགའ་སྤྲོས་ཁེངས། ཉིན་ཞིག་ཁ་བ་ལྷབ་ལྷུབ་ཏུ་བབས་པ་དང་། ཨ་ཞང་གི་བུ་མོ་ངེད་གཉིས་ཁེབས་ཐོག་ཏུ་ཁ་བ་འབབ་པའི་རྣམ་པ་ལ་ལྟད་མོ་ལྟ་ཞོར་ སྔར་གྱི་གནས་ཚུལ་མང་པོ་ཞིག་དྲན་གསོ་བྱས། ཆུང་ངུའི་དུས་སུ་དགུན་ཁའི་གུང་གསེང་རིང་ཨ་ཞང་དང་ང་ཚོ་གཅེན་གཅུང་ཚོ་གྲོང་ཚོའི་ནང་དུ་ཁ་གསབ་སློབ་ཚན་ཉན་པར་འགྲོ་བ་དང་། མཉམ་དུ་འཁྱགས་ཤུད་གློད་པ། སྤོ་ལོ་རྒྱག་པ། སློབ་སྦྱོང་དང་འབྲེལ་བའི་འགྲན་རྩོད་སྣ་ཚོགས་ལ་ཞུགས་པ་སོགས་བྱེད། སྐབས་དེ་དུས་ང་ཚོ་ཉེ་འབྲེལ་ཁོ་ན་ཙམ་མ་ཡིན་པར་གྲོང་ཚོའི་བྱིས་པ་ཚང་མ་ཡོད་པས། རྒྱུན་དུ་གྲོང་ཚོའི་ཉེ་འཁོར་དུ་བྱིས་པ་ཁྱུ་དང་ཁྱུ་རང་རང་ལ་དགའ་བའི་རྩེད་མོར་རོལ་བའི་སྐྱིད་ཉམས་མངོན་རྒྱུ་ཡོད། ལྷག་པར་དུ་ལོ་གསར་གྱི་སྐབས་སུ་གྲོང་པ་ཕན་ཚུན་མགྲོན་འབོད་རེས་བྱེད་སྐབས་དུད་ཚང་སོ་སོ་ཡིས་བྱིས་པ་ཚོར་རྔན་པ་ཐུམ་སྒྲིལ་བྱས་ཏེ་སྟེར་སྲོལ་ཡོད་པས། ནམ་རྒྱུན་དང་མི་འདྲ་བར་སྐབས་དེར་ང་ཚོ་ཞིམ་ཟ་མངར་འཐུང་བྱེད་པའི་གོ་སྐབས་རག་གི་ཡོད། གནས་ཚུལ་དེ་དག་དྲན་སྐབས་ངའི་ལུས་པོ་ཡོངས་རྫོགས་ཚ་སོབ་སོབ་ཀྱི་སྣང་བས་ཁེངས་ཤིང་། ལུས་ཀྱི་བ་སྤུ་ཐམས་ཅད་ལྡང་ཡོང་བའི་སྣང་བ་ཡང་འབྱུང་། ངས་བལྟས་ན་སྐབས་ཐོག་དེའི་སྐྱིད་སྣང་ཡོད་ཚད་བྱམས་བརྩེ་ལས་བྱུང་བ་སྟེ། བྱམས་བརྩེ་ལྡན་ན་འཇིག་རྟེན་ལ་བདེ་སྐྱིད་དང་སྤྲོ་སྣང་ལྡན་ཞིང་། དེ་དང་བྲལ་ན་སྡུག་བསྔལ་དང་སྐྱོ་བ་ལས་མ་འདས་སོ། །

ངས་གྲོས་འགོ་བཏོན་ཏེ་ང་ཚོ་ད་ནས་བཟུང་སྒོ་རའི་ནང་དུ་རྩེད་མོ་རྩེད་ནས་མི་སྡོད་པར་སྔོན་མ་བཞིན་ཕྱི་རོལ་གྱི་རྩེད་མོ་རྩེ་ཡུལ་དག་ལ་རྩེད་མོར་བསྐྱོད་བྱས་པས། ཁོང་ཚོས་ཀྱང་མོས་མཐུན་བྱས། དེ་ལྟར་ཉིན་མང་པོ་དགའ་སྤྲོའི་ངང་ནས་བསྐྱལ་མཐར་ང་ཚོ་སློབ་གྲྭ་འདུ་བའི་དུས་ཀྱང་ཇེ་ཉེ་ནས་ཇེ་ཉེར་གྱུར། གལ་སྲིད་དུས་ཚོད་འདི་ལྟར་འགྲོ་མགྱོགས་པོ་མ་ཡིན་པ་དང་སླར་ཡང་བསྐྱར་ལོག་བྱེད་རྒྱུ་བྱུང་ན་ཅི་མ་རུང་སྙམ་པའི་རེ་འདོད་ཅིག་སེམས་སུ་འགོག་མེད་དུ་འཆར།

བདེ་ཞིང་སྐྱིད་པའི་དགུན་དུས་འདིར། སེམས་སུ་དགའ་འོས་པའི་འདས་དོན་མང་པོ་ཞིག་དྲན་སོས་པ་དང་། ང་ཚོ་དང་ཨ་ཞང་ཕྲུ་གུའི་བར་གྱི་མཛའ་བརྩེ་ཡང་ཟབ་ཏུ་ཕྱིན། དེ་འདྲའི་རྩེད་མོ་ཡུན་རིང་རྩེ་རྒྱུ་མ་བྱུང་བས་ཧ་ཅང་གི་སྐྱིད་པོ་བྱུང་། འདི་ནི་ད་ལོའི་དགུན་དུས་ཀྱིས་བདག་ལ་སྦྱིན་པའི་བདེ་སྐྱིད་དེ། ངའི་འཚོ་བའི་ཁྲོད་ཀྱི་དོན་སྙིང་གི་ཆ་ཤས་ཤིག་ཀྱང་ཡིན། དགུན་དུས་འདི་རྡོ་ལ་རི་མོ་བརྐོས་པ་བཞིན་ནམ་ཡང་ཡལ་བ་མེད་པར་སེམས་ལ་ངེས་སྲིད་ཅིང་། ད་ལོའི་དགུན་དུས་ཀྱིས་བདག་ལ་གནང་བའི་བདེ་སྐྱིད་ཀྱི་ཕྱག་རྟགས་འདིར་ཐུགས་རྗེ་ཆེ་ཞུའོ། །ང་ལ་ཡུན་རིང་བོར་བའི་དགུན་དུས་ཤིག་སླར་ཡང་རྙེད་པས་སེམས་པ་སྤྲོ་བས་བརྟས། །

འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༩(༡༠)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明