མངའ་རིས་ས་ཁུལ་མཚོ་ཆེན་རྫོང་ཆ་ཚང་སློབ་ཆུང་གི་ལོ་རིམ་དྲུག་པའི་འཛིན་གྲྭ་ལྔ་པའི་སྐར་མ་བསོད་ནམས་དབང་འདུས་ནི་སློབ་སྦྱོང་ལ་དགའ་བ་དང་། བསམ་བློ་གཏོང་རྒྱུར་དགའ་བ། གཟབ་ནན་ཆེ་བ། གྲུབ་འབྲས་ཕུལ་དུ་བྱུང་བ་བཅས་ཀྱི་སློབ་མ་བཟང་པོ་ཞིག་རེད། ཁོང་སློབ་གྲོགས་དང་མཐུན་སྒྲིལ་ཟབ་པ་དང་། གཞན་ཕན་ལ་དགའ་བ། བློ་བག་ཡངས་བ། ཧུར་སེམས་ཆེ་བ། དགའ་ཕྱོགས་མང་བ་བཅས་ཡོད་པས་སློབ་གྲྭས“ཕུལ་བྱུང་གི་བཟང་པོ་གསུམ་ལྡན་གྱི་སློབ་མ”དང“ཕུལ་བྱུང་གི་འཛིན་གྲྭའི་ལས་བྱེད་པར”ཐེངས་མང་བདམས།
སྐར་མ་བསོད་ནམས་དབང་འདུས་རྒན་རབས་ལ་བརྩི་བཀུར་ཆེ་བ་དང་། ཕ་མར་བསྙེན་བཀུར་ཆེ་བ། རང་རྐྱ་འཕེར་བ་བཅས་ཡོད་པས་ཆུང་དུས་ནས་རང་ཉིད་ཀྱི་བྱ་བ་རང་ཉིད་ཀྱིས་སྒྲུབ་པའི་གོམས་གཤིས་བཟང་པོ་འཇགས་ཡོད། གུང་གསེང་རིང་ཁོ་པས་ཨ་མར་གད་ཕྱིས་རྒྱག་རོགས་དང་། རྨོ་བོ་དང་སྤོ་བོར་ཡང་རོགས་རམ་གང་ཐུབ་བྱེད་ཀྱི་ཡོད། སྐར་མ་བསོད་ནམས་དབང་འདུས་ཀྱིས“ཕ་མ་གཉིས་སྐུ་ལས་ཁག་པོ་རེད། ང་ཆེན་པོ་ཆགས་པས་ཁོང་རྣམ་པར་ཕྱག་རོགས་ཞུ་རྒྱུ་ནི་ངའི་ལས་འགན་རེད”ཅེས་བཤད།
སྐར་མ་བསོད་ནམས་དབང་འདུས་ནི་འཛིན་གྲྭའི་པན་ཀྲང་རེད། ཁོ་པས་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ཀྱི་འགན་འཁྲི་སེམས་ལ་འཆང་བཞིན་རང་གཅུན་ནན་པོ་དང་རང་དཔེ་གཞན་སྟོན་བྱེད་ཀྱི་ཡོད། འཛིན་གྲྭའི་ལས་བྱེད་པ་ཡིན་པའི་སྐར་མ་བསོད་ནམས་དབང་འདུས་ཀྱིས་རང་འགུལ་ངང་རྒན་ལགས་ལ་ཕྱག་རོགས་དང་སློབ་གྲོགས་དབར་མཐུན་སྒྲིལ་བྱས་ནས་སློབ་གྲོགས་ཀྱི་སློབ་སྦྱོང་དང་འཚོ་བའི་དཀའ་ངལ་སེལ་རོགས་བྱེད་ཀྱི་ཡོད། ཁོ་པ་ནི་རྒན་ལགས་ཀྱི་དཔུང་རོགས་བཟང་པོ་ཡིན་ལ། སློབ་གྲོགས་ཚོའི་གྲོགས་པོ་བཟང་པོ་དེ་བས་རེད།
སྐར་མ་བསོད་ནམས་དབང་འདུས་ནི་ཁོར་ཡུག་སྲུང་སྐྱོང་དང་སྤྱི་ཕན་ལ་དགའ་བའི་ལོ་ཆུང་བཟང་པོ་ཞིག་ཡིན་ཞིང་། སློབ་གྲྭས་སྤྱི་ཕན་ངལ་རྩོལ་ལམ་ཡང་ན་ལག་ལེན་བྱེད་སྒོ་ཁག་སྤེལ་སྐབས་ཁོ་པས་གྲ་སྒྲིག་ཨང་བསར་ངང་ཧུར་ཐག་ཞུགས་ཀྱི་ཡོད།
སློབ་གྲོགས་ཚོའི་ངོས་ནས་བཤད་ན་ཁོང་ནི་སློབ་སྦྱོང་བྱེད་སའི་མིག་དཔེ་བཟང་པོ་ཞིག་དང་། རྒན་ལགས་ཀྱི་ངོས་ནས་བཤད་ན་ཁོ་པ་ནི་ཕུལ་དུ་བྱུང་བའི་འཛིན་གྲྭའི་ལས་བྱེད་པ་ཞིག ཁྱིམ་བདག་གི་ངོས་ནས་བཤད་ན་ཁོ་པ་ནི་སྲི་ཞུ་བྱེད་མཁན་གྱི་བུ་ཕྲུག་བཟང་པོ་ཞིག་རེད།
དཀའ་སྤྱད་ལས་ལ་རེ་བའི་འབྲས་བཟང་སྨིན་པས། སྐར་མ་བསོད་ནམས་དབང་འདུས་ཀྱིས་ཕུགས་འདུན་ཟབ་མོ་འཆང་བཞིན་དཀའ་སྤྱད་འབད་འབུངས་ཀྱིས་མི་ཚེའི་ལམ་བུར་མདུན་སྐྱོད་བྱེད་བཞིན་མཆིས།