西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །སྐྱིད་སྡུག་འདྲེས་མའི་དགུན་དུས་འདིར། ༄༅། །བདག་གི་དམའ་འབྲིང་གི་འཚོ་བ། ༄༅། །དུས་ཚོད།

放大 缩小 默认

༄༅། །དུས་ཚོད།

□ 作者 སྤེན་ཚེ་གཞོན་པ།

དུས་ཚོད་ནི་གཞུ་ལས་ཤོར་བའི་མདའ་མོ་བཞིན་སྐད་ཅིག་ལ་མདུན་དུ་བཞུད་ཅིང་། དཔྱིད་ཀྱི་མྱུ་གུ་དང་། དབྱར་གྱི་མེ་ཏོག སྟོན་གྱི་འབྲས་བུ། དགུན་གྱི་གྲང་ངད། ཕན་ཚུན་རེས་མོས་ཀྱིས་ཡང་ནས་བསྐྱར་དུ་འཁོར་ཡང་། བཞུད་ཟིན་པའི་དུས་ཚོད་ཀྱི་གཙང་པོ་སླར་ལྡོག་ཐབས་མེད།

ངས་ཁང་ཆུང་གྲུ་བཞིར་ཁེར་རྐྱང་ངང་ནས་ཆུ་ཚོད་ཀྱི་ཐག་སྒྲ་ལ་ཉན་དུས། ད་གཟོད་དེ་ནི་བཞུད་ཀྱིན་པའི་དུས་ཚོད་ཀྱི་བཞུར་སྒྲ་ཡིན་པ་ཚོར།

ཞོགས་པའི་སྐྱ་རེངས་ཀྱི་ཕོ་ཉས་ཁང་ཆུང་གྲུ་བཞིའི་སྒེའུ་ཁུང་བརྟོལ་ནས་འོད་ཟེར་གྱི་འཛུམ་མདངས་ངོམ་ཐེངས་རེར། ངས་ཉིན་མོ་གསར་པ་ཞིག་ལ་དབུ་ཁྱུད་བྲིས་པ་རྟོགས་བྱུང་ལ། དགོང་དྲོ་ཉིན་བྱེད་ཀྱི་ཞབས་བརྒྱ་བསྐུམས་ནས་ཆུ་ལྷའི་ཕང་བར་གཟིམ་ཐེངས་རེར། ངས་ད་གཟོད་ཉིན་གཅིག་ལ་རྫོགས་ཚིག་བཀོད་པ་རྟོགས། ལོ་ལྟར་གནམ་ལོ་གསར་དུ་ཚེས་དུས། ངས་ལོ་ངོ་གཅིག་གི་དུས་ཚོད་འདི་ལྟར་ཟད་པ་ཁད་ཀྱིས་རྟོགས་འོངས།

དུས་ཚོད་ནི་ཡར་ཀླུང་གཙང་པོའི་ཆུ་རྒྱུན་དང་འདྲ་བར་གོམ་སྟབས་བྲེལ་པོས་མདུན་ནས་མདུན་དུ་བཞུད་ཀྱིན་ཡོད། སྔར་ནས་ད་བར་ལ་སྐྱེ་བོ་སུ་ཞིག་གིས་དུས་ཚོད་ལ་སྟངས་འཛིན་བྱེད་མཁས་ན། དེས་རང་གི་བསྒྲུབ་བསམ་པའི་བགྱི་བ་མཐའ་དག་ལ་འཐུས་ཤོར་དང་ནར་འགྱངས་མེད་པར་ལེགས་པར་སྒྲུབ་ཐུབ་ཅིང་། རང་ལ་དགོས་ངེས་ཀྱི་ཤེས་བྱ་རིག་གནས་དང་། ཐོབ་གོ་ས། ཁ་རྗེ་དབང་ཐང་། མཚན་སྙན་གྲགས་སོགས་དགོས་འདོད་ཐམས་ཅད་ཆར་བཞིན་བསྙིལ་བ་དང་། དེ་བཞིན་དུ་སྐྱེས་པའི་མི་ལ་གྲགས་པའི་གཏམ་དགོས་ཞེས་པའི་འཇིག་རྟེན་ཁ་དཔེ་བཞིན། ངེད་ཅག་གིས་རྙེད་པར་དཀའ་བའི་དལ་འབྱོར་འདི་ཉིད་ཆུད་ཟོས་སུ་མ་བཏང་བར། རང་གཞན་དོན་གཉིས་ལེགས་པར་བསྒྲུབ་རྒྱུ་ནི་དོན་དམ་པ་ཡིན་ཏེ། དེ་ནི་གནའ་དེང་སྐྱེས་ཆེན་དམ་པའི་མཛད་རྣམ་དག་ལས་ཀྱང་མཇལ་ཐུབ་ལ། ད་ལྟ་དངོས་སུ་ཡང་ང་ཚོའི་མིག་གི་རྒྱལ་མོའི་མཐོང་ཆོས་སུ་འགྱུར་དང་གྱུར་བཞིན་མཆིས། དེ་ལས་ལྡོག་སྟེ། སྐྱེ་བོ་སུ་ཞིག་གིས་དུས་ཚོད་ལ་སྟངས་འཛིན་མ་ནུས་པར། བསྒྲུབ་དགོས་པའི་བགྱི་བ་དག་མ་བསྒྲུབས་པར་ཉིན་འགྱངས་ཞག་འབུད་དང་། སྐྱིད་འདོད་ལེ་ལོ། རྣམ་གཡེང་འདུ་འཛི་ཁོ་ནས་དུས་འདའ་བར་བྱས་ན། བྱས་པའི་ལས་ལ་རྗེས་ཤིག་འཇོག་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ་ཐོབ་པར་དཀའ་བའི་མི་ལུས་རིན་ཆེན་འདི་ཉིད་སྟོང་ཟད་དུ་སོང་ནས། ནམ་ཞིག་འབྱུང་བཞིའི་ལུས་སྟོབས་ཉམས་ནས་རྒས་ཤིང་འཁོགས་པའི་ལུས་ཟུངས་ཟད་དེ། འཆི་བདག་གཤིན་རྗེའི་ཕོ་ཉས་འབོད་དུས། རང་ཉིད་ཀྱིས་མི་ཚེ་གང་པོར་ཅི་ཡང་བསྒྲུབ་མེད་པས་གང་ཡང་སྟོན་རྒྱུ་མེད་ལ། མི་ཟས་བཟས་པའི་རྗེས་འབྲས་དང་། ཨ་མའི་ནུ་རིན་ཙམ་ཡང་འཇལ་མི་ནུས་པས། ད་གཟོད་རྙེད་པར་དཀའ་བའི་མི་ཡི་ལུས་རྟེན་འདི་ཉིད་དོན་མེད་ཆུད་ཟོས་སུ་བཏང་བར་འགྱོད་པ་རྟས་མི་ཟིན་པ་སྐྱེ་ངེས་ཡིན་པའི་རྣམ་སྨིན་ངན་པ་འཁོར་སྲིད། དེས་ན་དུས་ཚོད་འདི་ཉིད་ཤིན་ཏུ་རྩ་ཆེར་འཛིན་མིན་ལས་བྱུང་བའི་འབྲས་བུ་ཡང་བཟང་ངན་གྱི་ཁྱད་པར་ཆེན་པོ་སྨིན་ངེས་ལགས།

དུས་ཚོད་ནི་བཙན་པོ་དབང་ཡོད་ཅན་ཚོས་འཕྲོག་མི་ཐུབ་ལ། ཆོམ་པོ་གཡག་ཆེན་ཚོ་ཡིས་རྐུ་མི་ནུས། དུས་ཚོད་ནི་ཕྱུག་པོ་ནོར་འདོད་ཅན་ཚོས་ཉོ་མི་ཐུབ་ལ། དབུལ་པོ་ཉམ་ཐག་ཚོ་ཡིས་སློང་མི་ནུས། དུས་ཚོད་ནི་མཛེས་མ་གཡོ་སྒྱུ་ཅན་ཚོས་བསླུ་མི་ཐུབ་ལ། དཔའ་བོ་སྙིང་སྟོབས་ཅན་ཚོས་འཕྲོག་མི་ནུས།

དུས་ཚོད་ནི་ནམ་ཡང་སྙིང་རུས་ཅན་དང་བརྩོན་འགྲུས་ཅན་ལ་དབང་ངེས་རེད། དུས་ཚོད་ཀྱི་ཐག་སྒྲ་རེ་རེ་ནི་ཚེ་སྲོག་གཅིག་གི་རྒས་ཚུལ་གྱི་གོ་རིམ་རེ་རེ་ཡིན་པས། ང་ཚོས་ངེས་པར་དུ། དུས་ཚོད་གཙིཌ་སུ་འཛིན་པ་ནི། རང་གི་ཚེ་སྲོག་ལ་གཙིགས་སུ་འཛིན་པ་ཞིག་དང་། དུས་ཚོད་ལ་གྲོན་ཆུང་བྱེད་པ་ནི། རང་གི་ཚེ་སྲོག་ཇེ་རིང་དུ་གཏོང་བ་ཡིན་ཞེས་པའི་གསེར་ནག་ལ་འཁུ་བའི་སྐྱེས་ཆེན་དམ་པའི་ཞལ་གདམས་དྲོན་མོ་འདི་བཞིན། དུས་ཚོད་གཅེས་སུ་འཛིན་ནས་མི་ཚེའི་རིན་ཐང་མངོན་འགྱུར་ཡོང་བར་འབད་དེ། ཡུན་ཐུང་གི་མི་ཚེ་འདི་དོན་སྙིང་ལྡན་པའི་ངང་སྐྱེལ་ཐུབ་པ་བྱ་རྒྱུ་ནི་གནད་ཀྱི་དམ་པའོ།།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明