དྲོ་འཇམ་ཉི་འོད་ཀྱིས་ངའི་གདོང་པར་བྱམས་བརྩེའི་བྱིལ་བྱིལ་གནང་། ལྷགས་རླུང་གྲང་ཞིང་བསིལ་བ་ཧ་ཅང་ལེགས་པོ་གདའ། ངའི་ལུས་སེམས་དབང་མེད་དུ་དུས་ཡུན་ཐུང་ངུ་དེར་སིམས་ནས་ལུས། སྐད་དྲག་པོ་ཞིག་གིས་ངའི་གནས་སྐབས་ཀྱི་ལྷིང་འཇགས་དེ་ཡང་དཀྲོགས། ཨ་ནེ་ལགས་ཀྱིས"ལུག་བཏོན་ན་འཚམས་སོང་། ད་ལུག་བཏོན་པར་ཕེབས་རོགས"གསུངས། ངས་ཀྱང་སྔར་རྒྱུན་བཞིན་ལུག་རྭའི་སྒོ་ཧ་རེར་ཕྱེ་ནས་འགྱུར་ཁུག་དོད་པའི་ཤུ་བརྒྱབ། འོན་ཀྱང་ད་རེས་ལུག་གཅིག་གཉིད་མ་དྭངས་པ་བཞིན་འཁྱོར་འཁྱོར་ངང་མཇུག་ཏུ་ལུས ། ཨ་ནེས་གང་དྲག་ཅི་དྲག ལུག་འདི་ད་རེས་འདི་གར་ཞོག ཉིན་གུང་ཁྱེད་ཀྱིས་ལུག་འདིར་ཆུ་གཅིག་ཁྱོལ་ཅིག ངས"ལགས་སོ"ཟེར་ནས་ཁྱིམ་དུ་ལོག ཉིན་གུང་ཆུ་ཚོད་དང་པོ་ཙམ་གྱི་མཚམས་སུ་ངས་ལུག་དེའི་མདུན་དུ་ཆུ་དང་རྩྭ་སྔོན་པོ་ཁྱེར་ནས་སོང་། བསམ་ཡུལ་ལས་འདས་པ་ཞིག་ལ་ལུག་དེཤི་ཚར་འདུག་པས། ང་ནི་དུས་དེར་ཉམ་ཆུང་ཞིང་ཧ་ལས་དེ་རང་ཉིད་ཀྱི་སོ་མུ་ཏིག་འདྲ་བ་དེ་ཚོ་ཡང་ཚག་ཚག་ཅེས་འདར། ཉམ་ཆུང་ནུས་མེད་ངེད་ཅག་གི་མདུན་དུ་འཆི་བ་མི་རྟག་པ་ནི་ཅི་འདྲའི་འཇིགས་སྐྲག་ཆེ་བ་ཞིག་རེད་ལགས། དེས་ན་ང་ནི་ཉབ་བེ་ཉོབ་བེར་ནང་དུ་ལོག
ཨ་མས"ཅི་བྱས་སོང"གསུངས། ང་ནི་ཨ་མའི་མདུན་དུ་ངུ་སྐད་ཡང་སྟོན་ཤོར་ནས"ལུག་དེ་འཆི་ཚར་འདུག"ཟེར། ཨ་མས་ལྷིང་འཇགས་ངང"ད་ལྟ་རང་ངུས་ནས་བརྒྱལ་ཞིང་ཁྲག་གི་མིག་ཆུ་དམར་པོ་ལྷུང་ཡང་ལུག་དེའི་ལས་དབང་ལ་འགྱུར་བ་གཏོང་ཐབས་བྲལ། ཨ་ཙི། ཞ་ཞང་ཁོ་ཚོས་ཁྱོད་རང་གང་མགྱོགས་ལྷ་སར་གཏོང་ཤོག་ཟེར་གྱི་འདུག ཁོ་ཚོའི་མོ་ཊ་སང་ཉིན་ཐོན་འགྲོ་གི་རེད། ཁྱོད་དོ་ནུབ་ནས་འགྲོ་རྩིས་གྱིས་ཤིག" "ག་རེ། ད་ཅི་རེད"ཡུད་ཙམ་རིང་ལ་སྨྲེ་ངག་དྲག་པོ་འདོན་ཤོར། ངས་མ་འདོད་བཞིན་དུ་སྒྲིག་ཆས་གྲ་སྒྲིག་གིས་འགྲོ་རྩིས་བྱས། ཡོད་ཚད་ནི་མེད་བཞིན་དུ་ཡོད་པར་འགྱུར། འདི་ལྟར་ཡང་ཡོད་བཞིན་དུ་མེད་པར་ཡང་འགྱུར། ད་ཆ་ངའི་ཡིད་ངོར་སེམས་སྡུག་གི་དུང་སྒྲ་ལྷང་ལྷང་སྒྲོག མ་གཞི་ང་རང་གི་ཡིད་ངོར་དོ་ནུབ་ཁྱིམ་མི་ཚོ་དང་ལྷན་དུ་ལྕགས་ཐབ་ལ་བསྐོར་ནས་སྙིང་ཉེ་བའི་ཅ་ཅོའི་གཏམ་གླེང་གི་དྲོ་སྐྱིད་དེ་བསུ་འོས་སྙམ། སྔར་རྒྱུན་བཞིན་ལུག་རྭའི་སྒོ་འབྱེད་མཁན་ཡང་ང་རང་ཡིན་སྙམ་ཡང་། འོན་ཀྱང་སང་ཉིན་ནས་ལུག་རྭ་འདི་དང་ཁ་བྲལ་ནས་ཐག་རིང་ལ་བསྐྱོད་དགོས་པས་སེམས་པ་ཤིན་ཏུ་སྐྱོའོ། །
མོ་ཊའི་ནང་དུ་ཨ་མ་ཞིག་དང་ཕྲུ་གུ་ལོ་གཉིས་ཙམ་ལོན་པ་ཞིག་ངའི་གཡས་ངོས་སུ་འདུག ངས་རྣ་བར་གླུ་དབྱངས་ཉན་ཞིང་མིག་ནང་དུ་ཁོང་གཉིས་བསུས། བུ་དེ་ནི་གདོང་དཀར་ལ་དམར་མདངས་རྒྱས་ཤིང་གྱོན་གོས་གཙང་། འོན་ཀྱང་ཁོང་ལ་རང་ལོ་དང་འདྲ་བའི་འགྱུར་བ་མེད་པའི་སྣབས་རྟུག་སེར་ལ་སྦོམ་པ་གཉིས་འདུག དེ་དུས་ངའི་ཡིད་ངོར་ལམ་སེང་མི་སྡུག་པའི་ཉམས་གསལ་ལྷང་ངེར་དྲན། བུ་ཆུང་དེའི་ཆེ་ཞིང་དྭངས་གཙང་གི་མིག་ནང་དུ་ཡོད་པ་ནི་བྱམས་བརྩེའི་མ་ཡུམ་ཁོང་གཅིག་པུའོ། ། འོན་ཀྱང་ཨ་མ་ཁོང་གི་མིག་ཟུང་ནི་སྔ་ས་ནས་དམར་པོ་དང་མི་དྭངས་པར་གྱུར་ཚར། རྙོག་ཅིང་མི་གཙང་བར་གནས། དེ་བས་ཁོང་གི་མིག་ནང་དུ་ང་ཚོས་ཁོང་ལ་འཛིན་པའི་ལྟ་སྟངས་ཡོད་ལ་འཚོ་བའི་དཀའ་ངལ་དྲག་པོ་ཡང་ཡོད། འོན་ཀྱང་གཏན་དུ་འོད་བཞིན་དུ་གནས་པ་ནི་ཁོང་གི་བུ་རང་ལོ་འདྲ་བའི་གདོང་དེ་རེད། ཕྱིན་ཆད་བུ་དེ་ནར་སོན་དུས་གཅིག་བྱས་ན་མཁས་མཛངས་ལྡན་པར་འགྱུར་ལ་གཅིག་བྱས་ན་ཐ་ཤལ་བ་ཞིག་ཏུ་ལོན་སྲིད། སྐབས་དེ་དུས་ཁོའི་མིག་ཟུང་ནང་གི་བརྩེ་དུང་དང་། ལོངས་སྤྱོད། མཚན་སྙན་གྲགས། བརྩེ་སེམས། མདོར་ན་ཡོད་ཚད་ནི་མི་འགྱུར་རྟག་བརྟན་དུ་གནས་པ་འཇིག་རྟེན་འདི་རུ་གཏན་ནས་མེད་ལགས། ཅི་འདྲའི་འགྱུར་བག་ཆེ་བའི་བདག་གི་ལུ་གུ་ཆུང་ཆུང་དེའི་དོན་དངོས་ཀྱི་གནས་ཚུལ་དེ་དག་དང་དུ་ལེན་རྒྱུ་གལ་ཆེ་བ་མ་ཟད། རང་ཉིད་ཀྱི་མ་འོངས་པའི་མི་ཚེའི་ལམ་ཆེན་ལ་ལྟ་སྟངས་ཡང་དག་པ་འཛིན་རྒྱུ་ཡང་གལ་ཆེའོ། །
ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ༢(༡༠)
ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།